ཐུ་ནི་ཞི་ཡཱའི་བདེ་འཇགས་མི་སྣར་འཇིགས་སྐུལ་འཇབ་རྒོལ་ཐེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཐུ་ནི་ཞི་ཡཱའི་རྒྱལ་དམངས་ཉེན་སྲུང་རུ་ཁག་ལ་ཉིན་དེའི་སྔ་དྲོར་ཐུ་ནི་ཞི་ཡཱའི་ལྷོ་ངོས་ཀྱི་སུའུ་སེ་ཞིང་ཆེན་ནས་འཇིགས་སྐུལ་འཇབ་རྒོལ་ཐེབས། 
        གསལ་སྒྲོག་ལས་བཤད་རྒྱུར། ཚེས་དྲུག་ཉིན། འཇིགས་སྐུལ་ཉེས་ཅན་གསུམ་གྱིས་རླངས་འཁོར་བསྐོར་ནས་རྒྱལ་ས་དང་བར་ཐག་སྤྱི་ལེ་བརྒྱ་དང་བཞི་བཅུ་ཡོད་པའི་སུའུ་སེ་ཞིང་ཆེན་ནས་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་སྐོར་གཡེང་རུ་ཁག་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་མི་སྣ་གཅིག་བསད་པ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད། ཐུ་ནི་ཞི་ཡཱའི་བདེ་འཇགས་ལས་ཁུངས་ཀྱིས་དེའི་རྗེས་སུ་འཇིགས་སྐུལ་ཉེས་ཅན་གྱི་མཐའ་བསྐོར་ནས་ཕན་ཚུན་བར་འཁྲུག་རྩོད་བྱུང་། འཇིགས་སྐུལ་ཉེས་ཅན་གསུམ་པོ་འཁྲུག་རྩོད་བྱེད་སྐབས་བདེ་འཇགས་དམག་དཔུང་གིས་བསད་པ་རེད། 
        ཐུ་ནི་ཞི་ཡཱའི་ཙུང་ལི་མེད་ཞི་ཞི་ཡིས་དོན་རྐྱེན་བྱུང་རྗེས་སུའུ་སེ་རུ་སོང་ནས་རྟོག་ཞིབ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1