གཙོ་ངོས།>> གནས་མཇལ།>>དགོན་སྡེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དགེ་ལུགས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༡༤ཉིན།

༄༅།།ཀོའུ་བ་དགོན་པའི་རྨད་བྱུང་ཐོས་བསམ་གླིང་གི་ལོ་རྒྱུས་མདོར་བསྡུས།

       ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་གི་རྨད་བྱུང་ཐོས་བསམ་གླིང་ནི། རབ་རྒྱལ་མེ་ཡོས་སྤྱི་ལོ1927ལོར་ཡབ་རྗེ་གོང་མ་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོས་གསར་དུ་བཙུགས་པ་ཡིན་ལ། ཁོང་གིས་དྷཱི་ཚ་དགོན་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཕུན་ཚོགས་ཚང་དང་གྱེར་སྟེང་མཁྱེན་རབ་རྣམ་གཉིས་སྔ་ཕྱིར་རང་དགོན་དུ་གདན་དྲངས་ཏེ། གྲྭ་རིགས་རྣམས་ལ་མགོ་བསྡུས་གྲྭ་ནས་བརྩམས་ཏེ་རིམ་གྱིས་བློ་རྟགས་དང་དོན་བདུན་ཅུ། ཕར་ཕྱིན་སོགས་ཀྱི་འཛིན་གྲྭ་སོ་སོར་སྐབས་བབས་ཀྱི་དཔེ་ཁྲིད་མཛད་པས་གྲྭ་བཙུན་ཡང་སུམ་བརྒྱ་ལྷག་འཕེལ་རྒྱས་བྱུང་ཞིང་དཔེ་ཆ་བའང་གང་མང་ཐོན། རྗེས་སོར་རང་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་མཚོ་བྱུང་གྲགས་པ་ཚང་གདན་ས་འདིའི་དགེ་རྒན་མཛད་ནས་དཔེ་ཁྲིད་མང་དུ་གནང་། སྐབས་དེར་ཡབ་རྗེ་སྐུ་གོང་མ་ཚང་ལ་རང་དགོན་གྱིས་ཕར་ཕྱིན་དམ་བཅའ་འཇོག་རྒྱུའི་ཐུགས་འདུན་ཡོད་ཀྱང་། རྐྱེན་གང་མང་གི་དབང་གིས་ཕར་ཕྱིན་དམ་བཅའ་འཇོག་པའི་སྲོལ་བཟང་ཚུགས་རྒྱུ་མ་བྱུང་།
       རབ་རྒྱལ་ལྕགས་སྤྲེལ་སྤྱི་ལོ1980ལོའི་ཧོར་ཟླ་དགུ་བའི་མར་ངོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཅན་ཚ་རྫོང་ཐོག་ཏུ་ཕེབས་པའི་ཚེ། རང་དགོན་གྱི་གྲྭ་རིགས་རྒན་པ་རྣམས་ཀྱིས་རྫོང་མི་རིགས་སློབ་འབྲིང་ནང་དུ་ཚོགས་གུར་ཕུབས་ཏེ་ཀུན་གཟིགས་མཆོག་ལ་བསྙེན་བཀུར་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། རྒན་པ་སྐུ་ཡོན་ཅན་གཉིས་རྒོལ་ཕྱི་རྒོལ་གྱི་ཚུལ་དུ་བཞེངས་ནས་བགྲོ་གླེང་ཕུལ་བས།ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་ཐུགས་ཤིན་ཏུ་རྒྱས་པའི་ངང་གནས་འདིར་དགེ་བའི་བཤེས་གཉེན་བཞུགས་པའི་རྟགས་རེད་ཅེས་གསུངས་ཏེ། དད་ལྡན་རྣམས་ལ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དྲིལ་བསྒྲགས་མཛད་པར་མ་ཟད། རིགས་གསུམ་མགོན་པོ་སོགས་ཀྱི་བཟླས་ལུང་ཡང་མང་དུ་གནང་། སྐབས་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རང་དགོན་ཀོའུ་བ་དགོན་པ་ཆོས་སྒོ་འབྱེད་རྒྱུའི་ཆོག་མཆན་བསྩལ།
       རབ་རྒྱལ་ལྕགས་བྱ་སྤྱི་ལོ1981ལོའི་ཧོར་ཟླ་བཞི་བའི་ཡར་ཚེས་ལ་གདན་ས་འདི་ནས་ཆོས་སྒོ་ཕྱེ་བའི་ཡོ་ལང་རྣམ་པར་རྒྱས་ཤིང་གྲྭ་ཤག་སོགས་འཛུགས་སྐྲུན་བྱས་ཏེ་ཡང་དར་བསྟན་པའི་དབུ་བརྙེས། དུས་དེ་ནས་བཟུང་ཡབ་རྗེ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བསྐྱེད་དང་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་རྡོ་རིང་དགེ་འདུན་དར་རྒྱས་མཆོག་གི་འཕྲིན་ལས་ཀྱི་སྣང་བ་དཀར་པོས། རང་དགོན་གྱི་སྡེ་སྣོད་འཛིན་པའི་བློ་གསལ་གཞོན་ནུ་དག་གི་ཁམས་དང་མོས་པ་བཞིན་ཆོས་འོད་ཟེར་ཅན་མཚན་ཉིད་བསྐྱར་འཛུགས་མཛད་ཅིང་། བསེ་བསྡུས་གྲྭ་ནས་མགོ་བརྩམས་ཏེ་བློ་རྟགས་དང་དོན་བདུན་ཅུ་སོགས་ཀྱི་དཔེ་ཁྲིད་སྒོ་མང་ཡིག་ཆའི་སྟེང་ནས་ཞིབ་རྒྱས་གནང་སྟེ། ཆོས་ཐོག་རེ་རེར་བརྩི་བཞག་གི་རྒྱུགས་རིང་ཤོག་གྲངས་ལྔ་རེ་དང་། དཔྱིད་ཆོས་དང་པོར་རྩོད་རྒྱུགས་ལེན་རྒྱུའི་ཕྱག་ལེན་ཆག་མེད་བསྐྱངས།
       རབ་རྒྱལ་ཆུ་ཕག་སྤྱི་ལོ1983ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རང་དགོན་གྱི་གྲྭ་རིགས་གཡག་གི་ཨ་ཁུ་བསྟན་རྒྱས་ཚང་གནས་འདིར་གདན་དྲངས་ཏེ། བསྡུས་གྲྭ་དང་སྐྱབས་ཁྲིད་སོགས་ཀྱི་དཔེ་ཁྲིད་མཛད་པ་དང་། དགེ་བའི་བཤེས་གཉེན་ཨ་ཁུ་གནམ་གོང་བ་འཇམ་དབྱངས་བསྟན་འཛིན་མཆོག་གིས་ཀྱང་བསྡུས་གྲྭ་དང་ལམ་རིམ་བློ་སྦྱོང་གི་སྐོར་སོགས་ཁྲིད། རྗེས་སོར་རང་དགོན་གྱི་གྲྭ་རིགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཤེས་གཉེན་ཆེན་པོ་ཨ་ཁུ་རྡོ་རིང་བསྟན་རྒྱས་ཆུང་བ་ཚང་ཞུས་ཏེ། བསྡུས་གྲྭ་དང་བློ་རྟགས། དོན་བདུན་ཅུ་སོགས་དཔེ་ཁྲིད་སྔ་མའི་འཕྲོ་བསྐྱངས། རབ་གནས་ཤིང་ཁྱི་སྤྱི་ལོ1994ལོའི་བར་ཐོས་བསམ་གླིང་གི་ཆོས་ཐོག་ཡོད་ཚད་ཉིན་བཅོ་ལྔའི་བདག་ཉིད་ཅན་ཏག་ཏག་ཡིན་ལ། ལོ་དེའི་ལོ་མཇུག་ཡབ་རྗེ་མཆོག་སྤྲུལ་རིན་པོ་ཆེས་དོ་དམ་ཨུ་ཡོན་ལྷན་ཁང་དང་། བླ་མ་ལས་སྣེ། རྒན་པ། འཛིན་གྲྭ་སོ་སོའི་སྐྱོར་དཔོན་རྣམས་ཀྱི་ཚོགས་འདུ་བསྡུས་ཏེ། སྐབས་དེའི་གནས་བབས་ལ་གཞིགས་ནས་ཐོས་བསམ་གླིང་གི་ཆོས་ཐོག་སྟོན་ཆོས་ཆེན་མོ་མ་གཏོགས་པའི་དཔྱིད་ཆོས་དང་པོ། དཔྱིད་ཆོས་གཉིས་པ། དབྱར་ཆོས་ཆེན་མོ།ས་དཀར་ཆོས་ཐོག དགུན་ཆོས་ཆེན་མོ་རྣམས་ཉིན་བཅུ་རེ་བྱེད་རྒྱུ་གྲོས་འཆམ་བྱུང་སྟེ་གྲོས་ཐག་བཅད། རབ་གནས་མེ་བྱི་སྤྱི་ལོ1996ལོའི་ལོ་མཇུག་མཚུངས་མེད་སྐྱབས་མཆོག་རིན་པོ་ཆེའི་ཐུགས་ལ་རང་དགོན་གྱིས་ཕར་ཕྱིན་དམ་བཅའ་འཇོག་དགོས་འཁྲུངས་ཏེ། སྤྱི་ལོ1997ལོའི་རང་དགོན་གྱི་ཆོས་སྲིད་བྱ་བའི་འཆར་ཟིན་གྱི་རྣམ་གྲངས་ཐོག་ཏུ་བཀོད།
       རབ་གནས་ས་སྟག་སྤྱི་ལོ1998ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ལོ་སྟོན་བརྩོན་འགྲུས་རྒྱ་མཚོ་ཚང་རང་དགོན་གྱི་དགེ་རྒན་དུ་གདན་འདྲེན་ཞུས་ཏེ། ལོ་ངོ་མཐོང་བཅུ་ཕྲག་ལྷག་གི་ཡུན་ལ་མདོ་ཕྱོགས་སྡེ་སྣོད་གསུམ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིས་མཚོན་པའི་སྒྲ་སྙན་རྩིས་གསུམ་སོགས་གང་ལ་གང་འཚམས་ཀྱིས་དཔེ་ཁྲིད་ཐོག་ཐུག་མེད་པར་བྲག་སྟེང་ནས་ཆུ་འཕྱོ་བ་བཞིན་མང་དུ་མཛད། རབ་གནས་ཆུ་སྦྲུལ་སྤྱི་ལོ2013ལོའི་བོད་ཟླ་ལྔ་བའི་ཡར་ཚེས་ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་འཕགས་ཡུལ་དཔལ་ལྡན་འབྲས་སྤུངས་དགོན་པའི་ལྷ་རམས་པ་རྒན་ཨ་ཁུ་རྡོ་རིང་སྐལ་བཟང་དགེ་འདུན་མཆོག་རང་དགོན་གྱི་དགེ་རྒན་དུ་གདན་འདྲེན་ཞུས་ཏེ། ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་ས་ལམ་གྱིས་དབུ་དྲངས་ནས་འཛིན་གྲྭ་སོ་སོར་བསྡུས་གྲྭ་དང་བློ་རྟགས། རྣམ་འགྲེལ། དོན་བདུན་ཅུ། ཕར་ཕྱིན་གྱི་ཐལ་ཕྲེང་དང་ཟུར་བཀོད་སོགས་སྐབས་བབས་ཀྱི་དཔེ་ཁྲིད་བསྟུད་མར་མཛད། 
       རབ་གནས་ཤིང་ལུག་སྤྱི་ལོ2015ལོའི་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་ཀོའུ་བ་ལྔ་རིག་བསྟན་རྒྱས་གླིང་གི་གྲོས་ཚོགས་སྟེང་ཚོགས་མི་རྣམས་ཀྱིས་བསམ་ཚུལ་བརྗོད་ཅིང་། དགེ་རྒན་ལྷ་རམས་པ་ཚང་གིས་ཀྱང་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩོད་ཡིག་སྟེང་ནས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་ན་དཔེ་ཁྲིད་དང་རྩོད་པ་ཇི་ལྟར་འགྲོ་དགོས་པའི་རྒྱུད་རིམ་ཞིབ་ཏུ་གསུངས། ལོ་དེ་ནས་བཟུང་ཡབ་རྗེ་བླ་མ་རིན་པོ་ཆེ་དང་དགེ་རྒན་ལྷ་རམས་པ་རྣམ་གཉིས་ཀྱི་ཐུགས་དགོངས་ལྟར།གྲྭ་སའི་སློབ་གཉེར་བྱེད་ཚུལ་གྱི་འགྲོས་དང་བསྟུན་ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལེན་རྒྱུའི་ཕྱག་བཞེས་འཁྲུལ་མེད་བཙུགས། ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་དབྱེ་བ་ལ། བློ་རྒྱུགས་དང་བྲིས་རྒྱུགས། རྩོད་རྒྱུགས་བཅས་རིམ་པ་གསུམ་དུ་དགར་ནས་ལོ་ངོ་མཐོང་ལྔའི་རིང་ལངས་ཏེ་དགེ་འདུན་པ་རྣམས་ཀྱི་ཆོས་ཕྱོགས་ཀྱི་ཡོན་ཏན་ཇེ་མཐོར་བཏང་། ད་ལོ་སྟེ་རབ་གནས་ཤིང་ཕག་སྤྱི་ལོ2019ལོའི་བོད་ཟླ་དགུ་བའི་ཚེས་བརྒྱད་ཉིན་ཆོས་ཐོག་ཡར་ཚོགས་བྱས་ཏེ་དགུན་ཆོས་ཆེན་མོའི་དོད་ཙམ་འཚོགས། རང་དགོན་གྱི་དགེ་རྒན་ལྷ་རམས་པ་རྒན་ཨ་ཁུ་རྡོ་རིང་སྐལ་བཟང་དགེ་འདུན་མཆོག་གཙོ་མཛད་དེ། བླ་བྲང་བཀྲ་ཤིས་འཁྱིལ་ནས་རང་དགོན་གྱི་གྲྭ་རིགས་རྡོ་རམས་པ་རྒན་ཨ་ཁུ་ཞོ་བཟང་གྲགས་པ་མཆོག་དང་། རྡོ་རམས་པ་རྒན་ཨ་ཁུ་སྤྲེལ་སྲིབ་ཚུལ་ཁྲིམས་རྒྱ་མཚོ་མཆོག དཀའ་རམས་པ་མཚོ་བྱུང་ཤེས་རབ་དང་གཞན་རང་དགོན་གྱི་གྲྭ་བཙུན་དཔེ་ཆ་བ་འགའ་ཕེབས་ཏེ། རྒན་ལྷ་རམས་པ་ཚང་གིས་ཐུགས་བཀོད་ལྟར་འཛིན་གྲྭ་དགུ་བྱས་ནས་དམ་བཅའ་འཇོག་མགོ་ཚུགས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1