ཐོག་མའི་བྲོ་བ་མ་བོར་བར།། ཐོན་ལས་གསར་བ་སྤེལ་བ་དགེ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 09-17



ཁྲོ་ཆུ་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བའི་གནས་ཚུལ་བཀོད་པ།

     ད་སྐབས་ནི་གྲོ་སྡུད་པའི་དུས་ཚིགས་ཡིན་ཞིང་། ཁྲོ་ཆུ་རྫོང་རྡོ་ཁ་གྲོང་རྡལ་ཤ་པྲ་ཀོ་གྲོང་སྡེའི་གྲོ་ཞིང་དུ་སྨིན་པའི་སྙེ་མ་རེ་རེ་རླུང་དང་བསྟུན་ནས་གསེར་མདོག་གི་རྦ་རླབས་འཕྱུར་བ་དང་འདྲ། སྡེ་མི་ཚོས་ཞིང་ནང་དུ་གྲོ་འབྲེག་པ་དང་། སྡོམ་པ། སྐྱེལ་འདྲེན་བཅས་བྱེད་བཞིན་ཡུལ་དངོས་སུ་བྲེལ་འཚུབ་དང་དགའ་འོས་པའི་རྣམ་པས་ཁེངས་འདུག
     རྡོ་ཁ་གྲོང་རྡལ་ཤ་པྲ་ཀོ་གྲོང་སྡེའི་སྡེ་མི་སངས་རྒྱས་འབུམ་གྱིས། ཐོན་ལས་ཀྱི་གྲུབ་ཚུལ་རིམ་སྤར་བྱས་པ་དང་བསྟུན། སྡེ་མི་ཚོས་གྲོང་ཁྱེར་དུ་ཞོར་ལས་གཉེར་བ་དང་ཐག་ཉེ་ས་ནས་ཞིང་ལས་ཐོན་རྫས་འཚོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོང་འབབ་ཇེ་མང་དུ་སོང་བ་དང་ཆབས་ཅིག་འཚོ་བའི་ཆུ་ཚད་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་ཅེས་བཤད།

     ཉེ་བའི་ལོ་ཤས་རིང་། བདེ་ཐང་བཟའ་བཏུང་གི་འདུ་ཤེས་མིའི་སེམས་སུ་ཟུག་ཡོད་ཅིང་། མི་རྣམས་ལ་སྤྱི་གནོད་མེད་པའི་ཟས་རིགས་ཀྱི་དགོས་མཁོ་ཡོད་པས། ཞི་ཨར་གྲོང་རྡལ་བྷ་བོ་གྲོང་སྡེའི་སྡེ་མི་ཅ་ལ་ཙི་ཡིས་གོ་སྐབས་འདི་དམ་པོར་བཟུང་སྟེ། རྡོ་ཁ་གྲོང་རྡལ་དུ་རྡོ་མཆིག་ཁང་ཞིག་ཕྱེས། ཁོ་ཚང་གིས་བཏབ་པའི་གྲོ་དང་མ་རྨོས་ལོ་ཏོག་སོགས་སྲོལ་རྒྱུན་གྱི་ལོ་ཏོག་འཐག་ནས་འཚོང་གིན་ཡོད། ཁོས་འཐག་པའི་གྲོ་ལ་སྦྱོར་རྫས་གང་ཡང་མེད་པས་བྲོ་བ་ཞིམ་ལ་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ། རྒྱུན་དུ་ཁོ་ཚང་ནས་ཕྱེ་ཉོ་མཁན་རྡོ་རྗེ་བཀྲ་ཤིས་ཀྱིས། ཁོ་ཚང་གི་ཕྱེ་དང་མ་རྨོས་ལོ་ཏོག་གི་ཕྱེ་མའི་བྲོ་བ་ཞིམ་པར་མ་ཟད། ལུས་པོའི་བདེ་ཐང་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།


     རྡོ་ཁ་གྲོང་རྡལ་དབྱིན་པོ་གྲོང་སྡེ་ནི་རི་སྐེད་དུ་གནས་ཡོད་ཅིང་། ཉི་འོད་ཕོག་པའི་དུས་ཚོད་རིང་བ་དང་ས་རྒྱུ་གཤིན་པས་གྲོ་དང་། ནས། བྲ་བོ་སོགས་སྲོལ་རྒྱུན་གྱི་སྐྱེ་དངོས་འདེབས་པར་ཧ་ཅང་འཚམ། བདེ་ཐང་བཟའ་བཏུང་ཁྲོད་ནས་ཚོང་ལས་ཀྱི་གོ་སྐབས་རྙེད་པའི་བཀྲ་ཤིས་ཐར་གྱིས། སྔོན་ཆད་ཞིང་ལས་ཐོན་རྫས་ལ་ཕྱིར་ཚོང་གི་ཐབས་ལམ་མེད་པ་དང་། ངས་བཟོ་གྲྭ་ཞིག་གཉེར་ནས་དེ་བས་མི་མང་བོ་ལ་སྡེ་བའི་ལྷད་མེད་ཀྱི་བཟའ་བཅའ་ཟ་རུ་འཇུག་འདོད་པར་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཡང་ཇེ་མང་དུ་གཏོང་འདོད་ཡོད། 2018ལོའི་ཟླ་5བར། ང་རང་གིས་མ་དངུལ་སྒོར་ཁྲི་20བཏང་ནས་ལྗང་མདོག་གི་ཞིང་ཞོར་ཐོན་རྫས་དེ་ཞིང་ལས་དང་ལྗོངས་སྐོར་གྱི་ཁྱད་ལྡན་ཐོན་རྫས་སུ་བསྒྱུར་ཏེ་སྲོལ་རྒྱུན་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བའི་ལས་དོན་སྤེལ་མགོ་བརྩམས། ངས་ཐག་ཉེ་ས་ནས་ཞིང་ཞོར་ཐོན་རྫས་ཕྱིར་འཚོང་བྱས་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་རིགས་མཐུན་རོགས་སྐྱོར་བྱེད་པའི་ཧའེ་ཉིང་ཁྲའོ་ཁྲེང་ཀུང་སི་གྲོང་སྡེར་བདེ་བླག་ངང་བཅའ་སྡོད་བྱས་པ་བརྒྱུད། གྲོང་སྡེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱས། ལོ་གཅིག་གི་རིང་དུ་ང་ལ་ཡོང་འབབ་སྒོར་ཁྲི་6ཡོད་པ་དང་སྡེ་མི་40ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པར་སྐུལ་ཁྲིད་བྱས་ཞེས་བཤད།

     རྒྱ་ལ་ཙེ་དང་བཀྲ་ཤིས་ཐར་གཉིས་ཀྱིས་སྲོལ་རྒྱུན་གྱི་སྐྱེ་དངོས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཙལ་ཡོད་ཅིང་། མིག་སྔར་ཁྲོ་ཆུ་རྫོང་གི་ས་གཞི་ཆེན་མོ་རུ་རོང་འབྲོག་མང་ཚོགས་ཀྱིས་ཞིང་ལས་ཐོན་ལས་དང་། རིག་གནས་ལྗོངས་སྐོར་ཐོན་ལས། ཞིང་ལས་ལྗོངས་སྐོར་ཐོན་ལས་བཅས་གསར་གཏོད་དང་འཕེལ་རྒྱས་བཏང་བ་བརྒྱུད། འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལམ་བུར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ཡོད་དོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1