རྔ་བ་ཁུལ་བཙན་ལྷ་རྫོང་གིས་སྐབས་ལྔ་པའི་ཀུ་ཤུ་འཐོག་པའི་དུས་ཆེན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-24


     ཟླ་9ཚེས་22ཉིན་ཀྲུང་གུང་བཙན་ལྷ་རྫོང་ཨུད་དང་བཙན་ལྷ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་བཙན་ལྷ་རྫོང་གི་སྐབས་ལྔ་པའི་ཀུ་ཤུ་འཐོག་པའི་དུས་ཆེན་དེ་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་ཚོའི་མཉམ་སྤྱོད་ཞིང་རར་འགོ་ཚུགས་པ་རེད།
     ཀུ་ཤུ་འཐོག་པའི་དུས་ཆེན་གྱི་ཡུལ་དངོས་སུ། བཏོག་མ་ཐག་པའི་ཀུ་ཤུ་སློ་མ་རེ་རེ་གར་སྟེགས་གཡས་གཡོན་ལ་བཞག་ཅིང་། དེའི་སྟེང་དུ“ལོ་ལེགས་ལ་རྟེན་འབྲེལ་ཞུ”ཞེས་པའི་དཔེ་རིས་བཞག་ཡོད། ས་གནས་དེ་གའི་མི་སེར་དང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཚོ་སྔ་ས་ནས་མཉམ་དུ་འཛོམས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་ལ་སྒུག་བཞིན་ཡོད།

     ད་ལོའི་ཀུ་ཤུའི་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་“ལོ་ལེགས་ཀྱི་སྤྲོ་སྣང་མཉམ་དུ་རོལ། མཉམ་དུ་ཀུ་ཤུ་ར་བར་འཛོམས་”ཞེས་པ་དེ་ཡིན། བྱེད་སྒོ་དེ་ཟླ་10ཚེས་8ཉིན་བར་སྤེལ་རྒྱུ་ཡིན་པ་དང་རིམ་སྤེལ་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད། འགོ་ཚུགས་མཛད་སྒོའི་ཐོག ས་གནས་དེ་གའི་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་ལ། 《ལོ་ལེགས་ཞབས་བྲོ》དང་། 《དྭངས་གཙང་གི་བཙན་ལྷ》《སྤྲོ་སྣང་འཁོལ་བའི་རྔ་བ》《བཙན་ལྷའི་བུ་མོ》སོགས་རིག་རྩལ་ལེ་ཚན་གྱིས་ཡུལ་དེའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་དང་དེ་བཞིན་མི་སེར་གྱི་ལོ་ལེགས་བྱུང་བའི་སྤྲོ་སྣང་མངོན་པར་བྱས་ཡོད།


     ལོ་གཅིག་དུས་གཅིག་གི་བཙན་ལྷ་ཀུ་ཤུའི་“སིལ་ཏོག་རྒྱལ་པོ”འདེམས་པ་ནི་ཧ་ཅང་རེ་སྒུག་འོས་པ་ཞིག་རེད།  ཞིང་ལས་རིགས་གཅིག་མཁས་ཅན་དང་ཟས་མཆོག་ཆེད་མཁས་ཀྱིས་སིལ་ཏོག་གི་ཁ་དོག་དང་། མངར་ཚད། བྲོ་བ། སིལ་ཏོག་གི་དབྱིབས་སོགས་ཀྱི་དམིགས་ཚད་སྣ་ཚོགས་ཐོག་ནས་སིལ་ཏོག་མང་པོར་དཔྱད་བརྗོད་བྱས་པ་དང་སྐར་མ་བརྒྱབ་པ་རེད། དཔྱད་འདེམས་བྱེད་རིང་ཡུལ་དངོས་ཀྱི་ལྟད་མོ་བ་ཚོ་ཡང་དེ་དང་ཆབས་ཅིག་དཔྱད་འདེམས་ནང་ཞུགས་ནས“བཙན་ལྷ་ཀུ་ཤུའི་སིལ་ཏོག་རྒྱལ་པོ”དཔྱད་འདེམས་བྱས་པ་རེད། ད་ལོ་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་བོར་རོམ་གྲོང་ཚོའི་ཞིང་དུད་ཞེ་ཙུའུ་ལེང་ལ་སིལ་ཏོག་རྒྱལ་པོའི་མཚན་སྙན་ཐོབ་པ་རེད། ཡུལ་དངོས་སུ། ཀུ་ཤུའི“སིལ་ཏོག་རྒྱལ་པོ”དང་དེ་བཞིན་ཤིང་འབྲས་འདེབས་མཁན་འཐུས་མི་ཚོས་ད་དུང་ཁོར་ཡུག་སྲུང་སྐྱོང་གི་སྣོད་བཅུད་རྣམ་པ་ཡག་ཤོས་སྤྱད་དེ་ཀུ་ཤུ་ཡག་ཤོས་འདེབས་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་རེད།

     ཞིང་ལས་དང་ཡུལ་སྐོར་འཕེལ་རྒྱས་གཏིང་ཟབ་ཡོང་ཆེད། ད་ཐེངས་ཀྱི་ཀུ་ཤུ་འཐོག་པའི་དུས་ཆེན་གྱིས་ད་དུང་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པའི་བྱེས་བགྲོད་རྒྱུག་ཤར་གློད་པའི་བྱེད་སྒོ་ཆུང་གྲས་སྤེལ་ལ། ཁྱོན་མང་ཚོགས་དང་སྐུ་མགྲོན་60བྱེས་བགྲོད་རྒྱུག་ཤར་གློད་པར་ཞུགས་པ་རེད། བྱེས་བགྲོད་རྒྱུག་ཤར་གློད་པའི་རྒྱུག་ལམ་ནི་ཀུ་ཤུ་མཉམ་སྤྱོད་ཞིང་ར—ཏེན་ཙི་པའོ་པའོ—ཀུ་ཤུ་མཉམ་སྤྱོད་ཞིང་ར་ཡིན། སྤྱིའི་ལམ་ཐག་སྤྱི་ལེ་2ཙམ་ལས་མེད། འགྲན་བསྡུར་ནང་ཞུགས་མཁན་ཚོས་བོད་གྲོང་ཞིང་སྡེའི་མཛེས་ལྗོངས་ལ་ལྟ་ཞོར་དང་། ས་ཞིང་མི་འདྲ་བའི་ཀུ་ཤུ་རིགས་མི་འདྲ་བའི་བྲོ་བར་རོལ་ཆོག  དེའི་དམིགས་ཡུལ་ནི་ཀུ་ཤུ་འཐོག་རྒྱུ་དེ་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་བཙན་ལྷ་དེ་ཉམས་ལེན་དང་། ཉི་འོད། སྤྲོ་སྣང་བཅས་ལྡན་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་ཧུར་ཐག་གིས་གཏོད་རྒྱུ་དེ་རེད།


     ཟླ་9ཚེས་22ཉིན་གྱི་དགོང་མོར་དབང་ཞིང་གྲོང་རྡལ་ཀོན་ཀྲའེ་གྲོང་ཚོའི་བཀྲ་ཤིས་ཐང་ཆེན་དུ་ད་དུང་ལོ་ལེགས་མཚན་མོའི་རོལ་དབྱངས་སྒོར་གཞས་མཚན་ཚོགས་ཤིག་འཚོགས་ཤིང་། དེར་སྐོར་བྲོ་འཁྲབ་པ་དང་། ལུག་ཤ་བསྲེག་པ། ཇ་སྲུབ་མ་བཟོ་བ། རྩམ་པ་ཟ་བ། རོལ་ཚོགས་ཀྱི་འཁྲབ་སྟོན་ལ་བལྟ་བ་སོགས་བྱས་ཏེ་དེ་གར་ཡོད་པའི་ལྟད་མོ་བ་ཚོར་ལོ་ལེགས་ཀྱི་སྤྲོ་སྣང་དངོས་སུ་ཚོར་བཅུག་ཡོད།

     བཙན་ལྷ་རྫོང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་ཀུ་ཤུ་སྤུས་ལེགས་ཐོན་ཁུལ་གཙོ་བོ་ཞིག་ཡིན། ད་ཆ་ཧུང་ཤིན་དང་། ཅིན་ཀོན། ཧུང་ཧྥུ་ཧྲི་སོགས་ཀུ་ཤུ་རིགས་10ལྷག་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱི་ཆ་རྐྱེན་འཛོམས་པས། བཙན་ལྷའི་ཀུ་ཤུ་ལ“འབྲས་བུ་ཆེ་ཞིང་མདོག་ཡག་པ། དྲི་མ་ཞིམ་ཞིང་བྲོ་བ་མངར་བའི”ཁྱད་ཆོས་ལྡན། ལྷག་པར་དུ“རྒྱལ་ཁབ་རིམ་པའི་སྤུས་ལེགས་སིལ་ཏོག་དང་། ཞིང་ལས་ཐོན་རྫས་སྤུས་ལེགས་། སི་ཁྲོན་ཞིང་ཆེན་གྱི་སིལ་ཏོག་ཐོན་རྫས་གྲགས་ཅན་”སོགས་ཀྱི་མཚན་སྙན་མང་པོ་ལྡན་པའི་ཅིན་ཀོན་ཀུ་ཤུས་ཐུན་མོང་མ་ཡིན་པའི་བྲོ་བ་དང་ཕྱོགས་བཞིར་འཐུལ་བའི་དྲི་བསུང་ལ་བརྟེན་ནས་རྒྱལ་ཡོངས་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་འཐོབ་ཡོད། དེའི་རྐྱེན་གྱིས་བཙན་ལྷ་ལ“ཀུ་ཤུའི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད།


     ལས་སྟེགས་འཛུགས་པ་དང་ཕྱིར་འཚོང་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད། ཟླ་9ཚེས་23ཉིན་ནས་ཟླ་10ཚེས་8ཉིན་བར། རྫོང་དེས་ད་དུང་ཕྱིར་ཚོང་འཐུས་མི་ཀྲེ་ཅང་དང་ཤིན་ཅིན་དུ་མངགས་ནས་བཙན་ལྷའི་ཀུ་ཤུ་འཚོང་ས་བཙུགས་ཏེ། གློག་རྡུལ་ཚོང་དོན་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་བ་རེད། ཐང་ཁྲོམ་དཔལ་འབྱོར་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་བཙན་ལྷའི་ཀུ་ཤུ་འཚོང་གི་ཡོད་པ་དང་འབྲེལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་གྲོང་ཁྱེར་ཧྲང་ཡུས་ཆུས་དང་ཤིན་ཁྲང་རྫོང་དང་ལག་གདང་སྦྲེལ་ནས། བཙན་ལྷའི་ཀུ་ཤུ་འོས་སྦྱོར་དང་ཕྱིར་ཚོང་བྱས་ཏེ། ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་གསར་པ་བཏོད་དེ་བཙན་ལྷའི་རྒྱ་ཆེའི་སིལ་ཏོག་འདེབས་མཁན་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

     ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་བཙན་ལྷ་རྫོང་གི་རྫོང་ཡོངས་ཀྱི་ཀུ་ཤུའི་ཐོན་ཚད་ཏུན་ཁྲི་4.5ཙམ་ཟིན་པ་དང་འདེབས་ཁྱོན་མུའུ་ཁྲི་3 ཟིན་ཡོད། མིག་སྔར་བཙན་ལྷ་རྫོང་གི་ཀུ་ཤུ་རིགས་ཡག་ཤོས་ཅིན་ཀོན་ཀུ་ཤུ་སྨིན་ཡོད།


http://tibet.people.com.cn/15824982.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1