གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

བར་ཁ་ངག་དཀོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༩ཉིན།

༄༅།།རྒྱ་མཚོ་ཆེན་པོའི་གླིང་དུ་བོད་ཀྱི་ཤེས་རིག་དར་ཚུལ་དང་བོད་ཤེས་རིག་ཞིབ་འཇུག་གི་གནས་བབས་སྐོར་གླེང་བ།

བར་ཁ་ངག་དཀོན།

གནད་བསྡུས། རྩོམ་འདིའི་ནང་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་སུ་བོད་ཀྱི་ཤེས་རིག་ཇི་ལྟར་དར་ཚུལ་དང་། ས་དེ་གའི་བོད་ཤེས་རིག་ཞིབ་འཇུག་གི་གནས་བབས་ཏེ། ད་ཡོད་ཞིབ་འཇུག་ཚན་པ་གང་དང་གང་ཡོད་མེད། ཞིབ་འཇུག་གི་དཔྱད་འབྲས་དང་དཔྱད་གཞིའི་ཡིག་ཆ་གཙོ་གྲས་གང་འདྲ་ཡོད་མེད། བོད་ཤེས་རིག་གི་ཆེད་ལས་མཁས་པ་སྐད་གྲགས་ཆེ་བ་སུ་ཟེར་བ་བྱུང་ཡོད་མེད་དང་འབྲེལ་ཞིབ་འཇུག་མི་སྣ་དེ་དག་གི་ཆེད་ལས་དང་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་གང་ཡིན་མིན། ད་དུང་བརྩམས་ཆོས་གཙོ་གྲས་གང་དང་གང་ཡོད་མེད་སོགས་ཀྱི་སྐོ ར་ངོ་སྤྲོད་བྱས་འདུགགནད་ཚིག ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། བོད་ཤེས་རིག་ཞིབ་འཇུག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K28 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-124-19
འགོ་བརྗོད།
      སྤྱི་ལོའི་དུས་རབས་བཅུ་བདུན་པ་ནས་འགོ་བརྩམས་ཏེ་ཕྱི་རྒྱལ་དུ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་རིམ་པས་བྱུང་བ་རེད། དེའི་གོང་དུ་མཱ་ཁེ་པོའོ་ལོའོ་[1]ཡི་ཡུལ་སྐོར་ཟིན་ཐོ་སོགས་ཀྱི་ནང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཐར་ཐོར་བཀོད་པ་ཙམ་ལས་གཞན་བྱུང་མེད་པ་འདྲ། དུས་རབས་བཅུ་བདུན་པའི་ལོ་རབས་ཉི་ཤུ་ནས་དུས་རབས་བཅོ་བརྒྱད་པའི་ལོ་རབས་བཞི་བཅུ་བར་དུ། ནུབ་ཕྱོགས་ཀྱི་གནམ་བདག་ཆོས་ལུགས་ཀྱི་ཆོས་སྤེལ་བ་རེ་གཉིས་རི་བོ་ཧི་མ་ལ་ཡའི་གཡས་གཡོན་དང་མཚོ་བོད་མཐོ་སྒང་དུ་སླེབས་ཡོད་པ་མ་ཟད། ཁོ་ཚོའི་ཁྲོད་ལས་མི་རེ་གཉིས་དབུས་གཙང་དང་མངའ་རིས་སོགས་སུ་ཡུན་རིང་ཆོས་སྤེལ་ནས་སྡོད་མཁན་ཡང་བྱུང་ཡོད། མི་དེ་དག་གིས་བརྩམས་པའི་ཟིན་ཐོའི་ནང་བོད་ཀྱི་ལོ་རྒྱུས་དང༌། ཆོས་ལུགས། དམངས་སྲོལ་སོགས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད་ཅིང༌། ཡིག་ཆ་དེ་དག་ནི་ཕྱིས་ཀྱི་ཕྱི་རྒྱལ་གྱི་ཞིབ་འཇུག་མི་སྣས་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞིའི་ཡིག་རིགས་དང་པོའི་གྲས་ཡིན་ལ། དེ་ཡང་ཡོ་རོབ་གླིང་པས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་དང་པོར་གྱུར་ཡོད།[2]
དེང་སང་བོད་རིག་པ་སྨྲ་བ་ཕལ་ཆེ་བས་ཡོ་རོབ་གླིང་གི་ཞིབ་འཇུག་པས་བོད་ཀྱི་ཤེས་རིག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་དུས་ནི་སྤྱིར་བཏང་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་ཙམ་ལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དུས་སྐབས་དེའི་ནང་གི་ཧང་ག་རི་པའི་མཁས་དབང་ཆཱོ་མཱ་(Alexander Csoma deKoros1784-1842)ནི་ཚབ་མཚོན་མི་སྣ་གཙོ་བོ་ཞིག་ཡིན་པ་དང༌། དེང་སང་དར་བཟོ་ཆེ་བའི་བོད་རིག་པ་(Tibetology)ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་མཁན་ཨང་དང་པོ་དེའང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཆཱོ་མཱ་ནི་སྤྱི་ལོ1823ལོར་ལ་དྭགས་སུ་སླེབས་པ་དང༌། དེར་དགོན་པའི་ནང་ལོ་བདུན་ཙམ་བོད་ཡིག་བསླབས། ཕྱིས་སུ་དབྱིན་ཇིའི་རྒྱ་གར་ཤར་མའི་ཀུང་སིས་[3]གདན་ཞུ་བྱས་པ་ལྟར་བྷང་ག་ལའི་ཨེ་ཤ་ཡ་ཞིབ་འཇུག་ཚོགས་པའི་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པའི་འགན་འཁུར་ནས་མི་ཚེ་གཅིག་གི་རིང་བོད་ཀྱི་ལོ་རྒྱུས་དང༌། སྐད་ཡིག ཆོས་ལུགས་སྐོ ར་ལ་ཞིབ་འཇུག་བྱས། སྤྱི་ལོ1834ལོར། ཁོང་གིས་བོད་དབྱིན་ཚིག་མཛོད་གཅིག་དང༌། སུམ་རྟགས་སྐོར་གྱི་དེབ་གཅིག་དཔེ་སྐྲུན་བྱས་པ་དང༌། བོད་ཀྱི་བཀའ་བསྟན་ངོ་སྤྲོད་བྱས་པའི་དཔྱད་རྩོམ་ཞིག་ཀྱང་སྤེལ་ནས་ཕྱི་གླིང་པས་དངོས་སུ་བོད་ཤེས་རིག་ཞིབ་འཇུག་གི་ལས་འགོ་བརྩམས། ཆཱོ་མཱ་ཡི་གོང་དུ་བོད་ཡིག་ཚིག་མཛོད་སྒྲིག་མཁན་གྱི་ཆོས་སྤེལ་བ་རེ་གཉིས་བྱུང་མྱོང་ཡང༌། ཞིབ་འཇུག་གི་ཚད་གཞི་ཁོང་ལས་ལྷག་པ་བྱུང་མེད། དུས་རབས་བཅུ་དགུ་པའི་ནང༌། ནུབ་ཕྱོགས་སུ་ཤར་ཕྱོགས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་བྱ་འགུལ་ཤུགས་ཆེར་སྤེལ་བ་དང༌། དེའི་ཁྲོད་བོད་ཡིག་དང༌། བོད་བརྒྱུད་ནང་བསྟན་ལའང་དོ་སྣང་ཆེ་ཙམ་བྱུང་བ་རེད། དེའི་རྗེས་སུ་འཇར་མན་དང༌། ཧྥ་རན་སི། དབྱིན་ཇི། ཨུ་རུ་སུ་སོགས་སུ་རིམ་བཞིན་བོད་ཡིག་གི་ཚིག་མཛོད་སོགས་མང་པོ་བྱུང་བར་བརྟེན་ནས་བོད་ཤེས་རིག་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་ཡིག་ཆ་མི་དམན་པ་མཁོ་འདོན་ཐུབ་པ་བྱུང་བ་རེད།
      སྤྱི་ལོ1824ལོར། བལ་པོར་ཡོད་པའི་དབྱིན་ཇིའི་མི་ཧོད་སོན་(B.H.Hodgson)ཞེས་པ་ཞིག་གིས་བལ་པོ་ནས་སཾསྐྲྀཏ་ཡི་གེའི་དཔེ་ཆ་མང་པོ་ཞིག་བསྡུ་རུབ་བྱས་ནས་དབྱིན་ཇི་དང་ཧྥ་རན་སིའི་ཨེ་ཤ་ཡའི་ཞིབ་འཇུག་ཚོགས་པར་ཕུལ་བ་རེད། དེ་རྗེས་ཁོང་གིས་བལ་པོ་བརྒྱུད་དེ་ལྷ་ས་ནས་བཀའ་བསྟན་ཆ་ཚང་ཞིག་ཉོས་ནས་རྒྱ་གར་ཤར་མའི་ཀུང་སི་ལ་ཕུལ། སྐབས་དེར་ཨུ་རུ་སུ་ལའང་ཕྱི་སོག་གི་དགོན་པ་དང་པེ་ཅིང་ནས་བཀའ་བསྟན་ཆ་ཚང་ཞིག་བྱུང་ཡོད་པ་རེད། དེ་བཞིན་བཀའ་བསྟན་པེ་ཅིང་དཔར་མ་ཡང་སྐབས་དེར་ཧྥ་རན་སི་དང་འཇར་པན་རྒྱལ་ཁབ་ཏུ་སླེབས། དེ་ལྟར་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་ཕྱི་རྒྱལ་དུ་སླེབས་རྐྱེན་ཁོང་ཚོའི་ཞིབ་འཇུག་གི་ལས་ཀར་ཆ་རྐྱེན་མི་དམན་པ་བསྐྲུན་ཐུབ་པ་བྱུང༌། བྱ ས་ཙང་སྐབས་དེར་དབྱིན་ཇི་དང༌། ཧྥ་རན་སི། འཇར་མན། ཨུ་རུ་སུ། དབྱི་ཐ་ལི། ཧང་ག་རི་སོགས་རྒྱལ་ཁབ་མང་པོར་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་རིམ་བཞིན་བྱུང་ཡོད། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ། འཇར་པན་དང༌། ཨ་རི་ལའང་ཞིབ་འཇུག་པ་རེ་གཉིས་བྱུང་ཡོད་པ་རེད། རྒྱལ་ཁབ་དེ་དག་གིས་རྒྱ་ཡིག་གི་ཡིག་ཚང་ལ་བརྟེན་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་བོད་ཡིག་གི་ཡིག་ཆ་མང་པོ་སོ་སོའི་སྐད་ཡིག་ཏུ་བསྒྱུར་བ་རེད། དཔེར་ན། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཨུ་རུ་སུའི་ཡི་གེ་དང་འཇར་མན་གྱི་ཡི་གེར་བསྒྱུར་བ་དང༌། བུ་སྟོན་ཆོས་འབྱུང་ཡང་སྐབས་དེར་དབྱིན་ཡིག་ཏུ་བསྒྱུར་བ་རེད། དུས་དེར་ཕྱི་གླིང་པ་རྣམས་ཀྱིས་བོད་ཀྱི་མཁས་པས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་མཛད་པའི་གྲུབ་འབྲས་ནི་རྒྱ་གར་བ་ལས་ལྷག་པ་ཡོད་པར་ངོས་འཛིན་བྱས་ཡོད།
      ལོ་རྒྱུས་ཐོག་དུས་སྐབས་དེའི་མཚམས་སུ་དབྱིན་ཇིས་རྒྱ་གར་དང་ཀྲུང་གོའི་མཐའ་མཚམས་རི་བོ་ཧི་མ་ལ་ཡའི་ཉེ་འཁོར་གྱི་ས་ཆ་རྣམས་བཙན་བཟུང་བྱས་ཡོད་པས། ཁོང་ཚོར་འབྲས་ལྗོངས་དང་ལ་དྭགས་བརྒྱུད་ཀྱི་བོད་མི་ཤེས་ཡོན་ཅན་དང་འབྲེལ་བ་འཛུགས་རྒྱུ་དང༌། དགོན་པ་ཁག་བརྒྱུད་ནས་བོད་ཡིག་ཡིག་ཆ་འཚོལ་བསྡུ་བྱ་རྒྱུར་གོ་སྐབས་ཡག་པོ་བྱུང་ཡོད། སྤྱི་ལོ་1879ལོ་ནས་1883ལོ་བར། དབྱིན་ཇི་དང་རྒྱ་གར་སྲིད་གཞུང་གིས་རྒྱ་གར་གྱི་ཤེས་ཡོན་ཅན་ལོ་པཎ་ཤྲཱི་ཤརཏ་ཙན་དས་སུ་འབོད་པ་དེ་གླས་ནས་དབུས་གཙང་དུ་ཐེངས་གཉིས་བཏང་བ་མ་ཟད། དེས་བོད་ནས་བོད་ཡིག་གི་དཔེ་ཆ་འགའ་ཤས་ཉོས་ཏེ་དབོར་ཕྱིན་པ་རེད། ལོ་པཎ་ཤྲཱི་ཤརཏ་ཙན་དས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྐོ ར་དང༌། སྐད་ཡིག ཆོས་ལུགས། རིག་གནས་སྐོ ར་གྱི་བརྩམས་ཆོས་ནང་དེ་སྔོན་ཕྱི་གླིང་པ་རྣམས་ཀྱིས་མཇལ་མྱོང་མེད་པའི་དཔྱད་གཞིའི་ཡིག་ཆ་མང་པོ་བེད་སྤྱོད་བྱས་ཡོད་པས་ཀུན་གྱིས་མཐོང་ཆེན་བྱས།
      དུས་རབས་ཉི་ཤུ་པའི་དུས་འགོར། དབྱིན་ཇིའི་མི་སི་ཐན་དབྱིན་(A.Stein)ཞེས་པས་སྤྱི་ལོ་1906ནས་1907ལོ་བར་ཏུན་ཧོང་ནས་བོད་ཡིག་དཔེ་རྙིང་འབོར་ཆེན་ཞིག་རིན་ཆུང་གིས་བླུས་ནས་ཕྱི་རྒྱལ་དུ་དབོར་ཕྱིན་པ་རེད། 1908ལོར། ཧྥ་རན་སིའི་མི་པོའོ་ཞི་ཧོ་(P.Pelliot)ཞེས་པས་ཀྱང་བོད་ཡིག་དཔེ་རྙིང་མང་པོ་དབོར་ཕྱིན་པ་རེད། དེ་དག་ཚང་མ་ཕྱིས་སུ་དབྱིན་ཇིའི་རྒྱལ་སར་ཡོད་པའི་རྒྱ་གར་ལས་དོན་པུའུ་ཡི་དཔེ་མཛོད་ཁང་དང༌། ཧྥ་རན་སིའི་རྒྱལ་སར་ཡོད་པའི་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པས་རྒྱལ་ཁབ་གཉིས་ཀྱི་ཞིབ་འཇུག་པ་རྣམས་ལ་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་བ་རེད། གཞན་ཡང་སྐབས་དེར་ཨུ་རུ་སུ་དང༌། འཇར་མན། འཇར་པན། སུའེ་ཙེར་བཅས་རྒྱལ་ཁབ་ཁ་ཤས་ལའང་བོད་ཡིག་དཔེ་རྙིང་མི་ཉུང་བ་ཞིག་རག་ཡོད་པ་རེད།
དང་ཐོག་ཕྱི་གླིང་པས་བོད་ཤེས་རིག་ལ་ཞིབ་འཇུག་བྱས་པའི་ཁྲོད། བོད་ཀྱི་ཆོས་ལུགས་དང༌། རིག་གནས། སྐད་ཡིག་ཞིབ་འཇུག་གི་ཐད་ཧྥ་རན་སི་དང་དབྱི་ཐ་ལི་གཉིས་ལ་གྲུབ་འབྲས་ཆེ་ཤོས་ཐོབ་ཡོད། སྐབས་དེར་ཧྥ་རན་སིའི་པཱ་ལཱིང་སློབ་གྲྭ་ཆེན་མོར་བོད་ཤེས་རིག་སྐོར་གྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང༌། པཱ་ཁཱོད་(J.Bacot)ནི་སློབ་གྲྭ་དེའི་བོད་རིག་པའི་དགེ་རྒན་ཆེན་མོ་དང་པོ་དེ་ཡིན། དབྱི་ཐ་ལིའི་ཐཱོ་ཆཱི་(G.Tucci)ནི་སྐབས་དེར་བོད་རིག་པའི་ཁྲོད་སྐད་གྲགས་ཆེ་ཤོས་ཀྱི་མི་སྣའི་གྲས་ཤིག་རེད།
      དུས་རབས་གོང་མའི་དུས་དཀྱིལ་ནས་བཟུང༌། ཕྱི་རྒྱལ་དུ་བོད་ཤེས་རིག་ཞིབ་འཇུག་པ་ཇེ་མང་དུ་ཕྱིན་པ་དང༌། ཞིབ་འཇུག་གི་ཁྱབ་ཁོངས་ཀྱང་རྒྱ་ཆེར་སོང་ནས། ཡུལ་སྐོར་ཟིན་ཐོ་འདྲ་མིན་ཚུད་པའི་འབྲེལ་ཡོད་བརྩམས་ཆོས་འབོར་ཆེན་ཞིག་བྱུང་ཡོད་ཅིང༌། དེའི་ཁྲོད་ཁག་ཅིག་ནི་ཧ་ཅང་གལ་ཆེན་དུ་གྱུར་ཡོད། དཔེར་ན། སྤྱི་ལོ1940ལོ་ནས་1946ལོའི་བར། ཧྥ་རན་སིའི་པཱ་ཁཱོད་དང་ཏཱུ་སན།(Ch.Toussaint)དབྱིན་ཇིའི་ཐཱོ་མཱ་སི།(F.W.Thomas)བཅས་ནས་བརྩམས་པའི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་དེ་ཧྥ་རན་སི་ནས་དཔེ་སྐྲུན་བྱས་པ་ནས་བཟུང་མི་རྣམས་ཀྱིས་བོད་ཀྱི་གནའ་རབས་ལོ་རྒྱུས་ཀྱི་ལྟ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། བོད་ཀྱི་གནའ་རབས་ལོ་རྒྱུས་རིག་གནས་ཞིབ་འཇུག་གི་ལམ་བུ་གསར་པ་ཞིག་ཀྱང་གཏོད་ཡོད་པ་རེད། དེ་མིན་སྤྱི་ལོ1959ལོར། བོད་རིགས་མང་པོ་ཞིག་ཕྱི་རྒྱལ་དུ་སླེབས་པ་དང༌། བོད་ཡིག་ཡིག་ཆ་དང༌། ཡིག་ཚགས་མང་པོ་ཡང་ཕྱི་གླིང་དུ་དར་ནས་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་ལ་བོད་རིག་པའི་ཞིབ་འཇུག་གི་ཚན་པ་བཙུགས་པ་དང༌། སློབ་ཆེན་ཁ་ཤས་སུ་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་ཡོད་ཀྱི་སློབ་ཚན་ཡང་བཀོད་སྒྲིག་བྱས། ལྷག་པར་དབྱིན་ཇི་དང༌། ཧྥ་རན་སི། འཇར་པན། དབྱི་ཐ་ལི། ཨ་རི། འཇར་མན་བཅས་རྒྱལ་ཁབ་མི་ཉུང་བ་ཞིག་གི་ཞིབ་འཇུག་ཚན་པ་དང༌། སློབ་ཆེན་ཁག་གིས་གདན་ཞུ་བྱས་པ་ལྟར་བོད་ཀྱི་ཤེས་ཡོན་ཅན་མང་པོ་ཞིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ཀར་ཞུགས་པས་ཕྱི་གླིང་པའི་བོད་ཤེས་རིག་ཞིབ་འཇུག་གི་ལས་དོན་སྔར་བས་འཕེལ་རྒྱས་བྱུང་བ་མ་ཟད། རྒྱལ་ཁབ་རེ་འགར་བོད་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱང་བཙུགས་ཡོད་པ་རེད། འདིར་གཙོ་བོ་རྒྱ་མཚོ་ཆེན་པོའི་གླིང་གི་བོད་ཤེས་རིག་གི་ཞིབ་འཇུག་སྐོར་རགས་ཙམ་ངོ་སྤྲོད་ཞུ་བ་གཤམ་གསལ།
དང་པོ། སྤྱི་བཤད།
      ཨོ་སི་ཁྲུ་ལི་ཡར་སློབ་གྲྭ་ཆེན་མོ་བཞི་བཅུ་ཡོད། དེའི་ཁྲོད་གཞུང་བཙུགས་སློབ་གྲྭ37དང༌། སྒེར་གཉེར་སློབ་གྲྭ་གསུམ་ཡོད། དུས་རབས་གོང་མའི་དུས་དཀྱིལ་ཙམ་དུ། རྒྱལ་ཁབ་དེ་དང་ཡོ་རོབ་གླིང་གི་དབྱིན་ཇི་དང་ཨ་རི་དབར་འབྲེལ་བ་ཟབ་པོ་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་ཨེ་ཤ་ཡ་གླིང་དང་འབྲེལ་བ་བྱུང་བ་མ་ཟད། སློབ་ཆེན་ཁག་ཏུ་ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས་ཀྱང་བཙུགས་ཡོད་པ་རེད། དཔེར་ན། ཨོ་སི་ཁྲུ་ལི་ཡའི་ཨེ་ཤ་ཡ་ཞིབ་འཇུག་ཚོགས་པ་དང༌། སངས་རྒྱས་ཆོས་ལུགས་ཞིབ་འཇུག་ཚོགས་པ། ཀྲུང་གོ་ཞིབ་འཇུག་ཚོགས་པ་བཅས་ནི་སྐབས་དེར་བཙུགས་པ་ཞིག་རེད། ཁོ་པ་ཚོའི་ཞིབ་འཇུག་ཚན་པ་ནི། གཙོ་བོ་སྲིད་གཞུང་གིས་བཙུགས་པའི་ཚན་པ་དང༌། སློབ་ཆེན་ཁག་གིས་བཙུགས་པའི་ཚན་པ། མི་སྒེར་གྱིས་བཙུགས་པའི་ཚན་པ་བཅས་ཁག་གསུམ་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱལ་ཁབ་འདིར་མི་སྒེར་གྱིས་བཙུགས་པའི་ཞིབ་འཇུག་ཁང་སྤྱིར་བཏང་མེད་ལ། ཞིབ་འཇུག་མི་སྣ་ཕལ་ཆེ་བ་ནི་སློབ་ཆེན་ཁག་ཏུ་འཛོམས་ནས་ཡོད། སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྐོར་གྱི་འགྲོ་གྲོན་ཕལ་ཆེ་བ་སྲིད་གཞུང་ནས་གཏོང་བཞིན་ཡོད་ལ།[4]བོད་རིག་པའི་སྐོར་གྱི་ཞིབ་འཇུག་མི་སྣ་ཡང་མང་ཆེ་བ་སློབ་ཆེན་ཁག་གི་མཚན་ཉིད་རིག་པའི་སློབ་གླིང་དང༌། རྒྱལ་སྤྱི་ཞིབ་འཇུག་གླིང༌། ཨེ་ཤ་ཡ་གླིང་ཞིབ་འཇུག་ལྟེ་གནས་སོགས་སུ་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ཀྲུང་ཨའུ་བར་ཕྱི་དོན་འབྲེལ་བ་བྱུང་བ་ནས་བཟུང་ཀྲུང་གོ་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་མི་དམན་པ་བྱུང་ཡོད། ལྷག་པར་དུ་ལོ་རབས་བརྒྱད་ཅུའི་རྗེས་སུ། སློབ་ཆེན་ཁག་ཏུ་ཀྲུང་གོ་ཞིབ་འཇུག་ལྟེ་གནས་བཙུགས་ཐུབ་པ་བྱུང་ཡོད་ལ། ཆེད་ལས་མཁས་པའང་མི་ཉུང་བ་ཞིག་གསོ་སྐྱོང་བྱས་ཡོད། འོན་ཀྱང་དེ་དག་གི་ཁྲོད་ཆེད་མངགས་བོད་རིག་པར་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་མཁས་དབང་ཧ་ཅང་དཀོན་པོ་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་ཨོ་སི་ཁྲུ་ལི་ཡར་བོད་རིག་པ་ཞིབ་འཇུག་གི་ལས་དོན་རིམ་བཞིན་འཕེལ་རྒྱས་བྱུང་ནས་སློབ་ཆེན་ཁ་ཤས་སུ་བོད་ཤེས་རིག་སྐོར་གྱི་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་དང༌། དེ་མིན་ཞིབ་འཇུག་ཚན་པ་ཡང་བཙུགས་ཡོད། དེའི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་དང་རྒྱ་གར་ལོ་རྒྱུས་ཀྱི་ཞིབ་འཇུག་མི་སྣ་ཡོད་ལ། ད་དུང་ན་གཞོན་ཞིབ་འཇུག་པའང་རེ་གཉིས་གསོ་སྐྱོང་ཐུབ་པ་བྱུང་ཡོད།
      ཡོ་རོབ་གླིང་དང་ཨ་རིའི་རྒྱལ་ཁབ་དང་བསྡུར་ན། ཨོ་སི་ཁྲུ་ལི་ཡའི་བོད་རིག་པའི་ཞིབ་འཇུག་གི་ལོ་རྒྱུས་ཅུང་ཐུང་ཞིང༌། ཞིབ་འཇུག་གི་མི་སྣ་ཡང་མང་པོ་མེད་ལ། དེ་རྣམས་ཀྱང་ཕལ་ཆེ་བ་སློབ་གྲྭ་ཆེ་ཁག་ཏུ་ཡོད་པ་རེད། ཞིབ་འཇུག་གི་ཁྱབ་ཁོངས་ངོས་ནས་བརྗོད་ན། གཅིག་ནས་དེང་སང་བོད་ཀྱི་གནས་ཚུལ་ལ་དོ་སྣང་ཆེ་བ་དང༌། དེའི་སྐོར་སྲིད་གཞུང་ནས་ཀྱང་འགྲོ་གྲོན་ཆེན་པོ་གཏོང་བཞིན་ཡོད།[5] གཉིས་ནས་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙེ་ལན་ཁུལ་དུ་བོད་རིག་པ་ཞིབ་འཇུག་གི་མི་སྣ་ཕལ་ཆེ་བའི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད། དེ་ཡང་དེའི་ཁུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དད་མི་སྣ་རིམ་བཞིན་མང་དུ་སོང་བ་དང་འབྲེལ་བ་ཆེན་པོ་ཡོད་པས་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་ཨོ་སི་ཁྲུ་ལི་ཡའི་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མི་གྲངས་ནི་རྒྱ་གར་ཆོས་ལུགས་དང༌། དབྱི་སི་ལན་ཆོས་ལུགས་ལ་དད་པ་བྱེད་མཁན་ལས་ཆེས་མང་དུ་སོང་ནས་ཧ་ལམ་མི་གྲངས་འབུམ་བཞི་ལྷག་ཙམ་ཟིན་ཡོད། དེ་བཞིན་བོད་རིགས་མང་པོ་ཨོ་སི་ཁྲུ་ལི་ཡར་སླེབས་ནས་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་དང་འབྲེལ་ཡོད་ཚོགས་པ་60ལྷག་བྱུང་ཡོད།
གཉིས་པ། ཨོ་སི་ཁྲུ་ལི་ཡའི་བོད་ཤེས་རིག་གི་ཞིབ་འཇུག་ཚན་པའི་སྐོར།
      གཅིག ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན། (Australian National University)
      སློབ་ཆེན་འདི་ནི་1946ལོར་གསར་དུ་བཙུགས་ཤིང༌། ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་གི་ནུས་པ་ལྡན་པའི་སློབ་ཆེན་རྩེ་གྲས་ཤིག་ཡིན། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་གོང་དུ་ཞིབ་འཇུག་སློབ་མ་དང༌། འབུམ་རམས་སློབ་མ་མ་གཏོགས་གསོ་སྐྱོང་བྱེད་ཀྱི་མེད། དེ་རྗེས་སྲིད་གཞུང་གིས་འགྲོ་གྲོན་བཏང་ནས་ཞིབ་འཇུག་གི་ལས་ཀ་རྒྱ་ཆེར་སྤེལ། དེར་མི་ཆོས་ཚན་རིག་སློབ་གླིང་དང༌། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་ཞིབ་འཇུག་སློབ་གླིང༌། སྒྱུ་རྩལ་སློབ་གླིང་གིས་གཙོས་པའི་སློབ་གླིང་བདུན་ཡོད། དེ་ནི་ཨོ་སི་ཁྲུ་ལི་ཡའི་བོད་རིག་པའི་ཞིབ་འཇུག་གི་ཐོག་མའི་འབྱུང་ཁུངས་ལྟ་བུ་ཡིན་པས། སྤྱི་ལོ1964ལོ་ནས་1966ལོ་བར་དབྱིན་ཇིའི་བོད་རིག་པ་མཁས་ཅན་ལཱ་མོབ་(Alastalr Lamb)ཟེར་བས་དེར་ལོ་རྒྱུས་སྐོར་ཞིབ་འཇུག་གནང་མྱོང་ཡོད། སྤྱི་ལོ་2005ལོར། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་ཞིབ་འཇུག་སློབ་གླིང་དངོས་སུ་བཙུགས་པ་དང༌། ད་ལྟ་དགེ་རྒན་བརྒྱ་ལྷག་དང༌། འབུམ་རམས་པ་ཉིས་བརྒྱ་ལྷག་ཙམ་ཡོད། དེ་ནི་ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་ཚན་པ་ཆེ་ཤོས་ཡིན་པ་མ་ཟད། འཛམ་གླིང་ཐོག་ཨེ་ཤ་ཡ་གླིང་ཞིབ་འཇུག་ཚད་མཐོ་ཤོས་ཀྱི་ཚན་པའི་གྲས་ཤིག་རེད། ལྷག་པར་དུ་དེར་ཀྲུང་གོའི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མི་ལྔ་བཅུ་ལྷག་ཙམ་འཛོམས་ཡོད་ལ། ཀྲུང་གོ་ཞིབ་འཇུག་དང༌། ཨེ་ཤ་ཡ་ཤར་མའི་ལོ་རྒྱུས། ཨེ་ཤ་ཡ་ཞིབ་འཇུག་དཔྱད་བརྗོད། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་རིག་གནས་འཕེལ་རྒྱས་མདོར་བསྟན་ཞེས་པའི་གྲགས་ཅན་གྱི་དུས་དེབ་གཙོ་གཉེར་བྱེད་བཞིན་ཡོད། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་ཞིབ་འཇུག་སློབ་གླིང་ནི། དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་ནང་བཙུགས་པའི་ཨེ་ཤ་ཡ་ཞིབ་འཇུག་སློབ་གླིང་ཡིན་ཞིང༌། དེར་དེ་སྔོན་འཛམ་གླིང་རྒྱལ་ཁབ་མང་པོ་ནས་བོད་རིག་པའི་ཞིབ་འཇུག་སྐོར་གྱི་མཁས་དབང་མང་པོ་གདན་འདྲེན་ཞུས་ནས་བོད་རིག་པའི་སྐོར་གྱི་འབྲེལ་ཡོད་སློབ་ཚན་འཆད་ཁྲིད་གནང་གི་ཡོད། དཔེར་ན། དབྱིན་ཇིའི་བོད་རིག་པ་མཁས་ཅན་སི་མོན་(Walter Simon)དང༌། ཅེ་ཁེ་སི་ལོ་ཝ་ཁེའི་ཁོལ་མས།(josef kolmas)ཧོ་ལན་གྱི་གྲགས་ཅན་བོད་རིག་པ་མཁས་དབང་དེ་ཇོང་(j.w.de jong)སོགས་ཀྱང་དེར་འཆད་ཁྲིད་གནང་བར་ཕེབས་མྱོང་ཡོད་པ་རེད། དེའི་ཁྲོད་སྐད་གྲགས་ཆེ་ཤོས་ནི་དགེ་རྒན་ཆེན་མོ་དེ་ཇོང་ཡིན་པ་དང༌། ཁོང་ནི་གཙོ་བོ་སམསྐྲྀཏ་ཡི་གེ་དང་བོད་ཡིག་གི་དཔེ་ཆ་ཡིག་སྒྱུར་བྱེད་མཁན་ཞིག་ཡིན། དེ་བཞིན་གོང་ཞུས་དུས་དེབ་ཁག་ཏུའང་བོད་སྐོར་གྱི་དཔྱད་རྩོམ་སྤེལ་གྱི་ཡོད། [6]
      གཉིས། ལཱ་ཐེ་རོ་བེ་སློབ་གྲྭ་ཆེན་མོ།(late robe)
      སློབ་གྲྭ་དེར་གཙོ་བོ་བོད་ཀྱི་ལོ་རྒྱུས་སྐོར་ཞིབ་འཇུག་བྱེད་ཀྱི་ཡོད། ཞིབ་འཇུག་མི་སྣའི་ཁྲོད་སྐད་གྲགས་ཆེ་ཤོས་ནི་དགེ་རྒན་ཆེན་མོ་ཨ་མན་དཱེ་ཟེར་བ་དེ་ཡིན། ཁོང་ནི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་གྱི་རྒྱ་གར་བ་རེད། སློབ་གྲྭ་དེར་བོད་ཀྱི་ལོ་རྒྱུས་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཀྱང༌ཞིབ་འཇུག་སློབ་མ་བསྡུ་མྱོང་མེད།[7]
      གསུམ། སེད་ནེ་སློབ་གྲྭ་ཆེན་མོ།(university of Sydney)
དེ་ནི་ཨོ་སི་ཁྲུ་ལི་ཡའི་ཁུལ་དུ་ཨེ་ཤ་ཡ་གླིང་ཞིབ་འཇུག་བྱེད་མཁན་སྔ་ཤོས་ཀྱི་སློབ་ཆེན་དེ་རེད། སྤྱི་ལོ1918ལོར། ཤར་ཕྱོགས་ཞིབ་འཇུག་ཚན་པ་བཙུགས་ཡོད་པ་མ་ཟད། སྐབས་དེར་ཨ་རི་དང་ཡོ་རོབ་གླིང་ནས་ཨེ་ཤ་ཡ་གླིང་ཞིབ་འཇུག་པ་གདན་འདྲེན་ཞུས་ནས་རྒྱ་ཡིག་དང་འཇར་པན་སྐད་ཡིག་སློབ་ཚན་ཁྲིད་ཀྱི་ཡོད། སློབ་གྲྭ་དེར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ཡོད་ཀྱང་གཙོ་བོར་རྒྱ་གར་དང༌། ཀྲུང་གོ བལ་པོ། འབྲུག་ཡུལ་སོགས་ཀྱི་དེང་སང་གི་གནས་ཚུལ་ལ་དོ་སྣང་ཆེ་བ་བྱེད་ཀྱི་ཡོད།[8] ཚན་པ་དེར་མི་རིགས་རིག་པའི་ཞིབ་འཇུག་སྐོར་གྱི་འབྲས་བུ་མི་ཉུང་བ་ཐོན་ཡོད། ད་ལྟ་ཨེ་ཤ་ཡ་གླིང་ཞིབ་འཇུག་བྱེད་མཁན་གཙོ་བོ་རྩོམ་རིག་སློབ་གླིང་དང༌། རྒྱ་གར་ཞིབ་འཇུག་སློབ་གླིང༌། མི་རིགས་རིག་པ་ཚན་ཁག་བཅས་སུ་ཡོད། དེའི་ཁྲོད་བོད་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གཙོ་བོ་མཱ་ཁེ་ཨ་ལོན་དང༌། ཨན་དེ་ལོ་མེག་ཀ་ལི་ཏི། ལིང་དཱ་ཁང་ནཱ་བཅས་ཡོད།
      བཞི། ཨོ་གླིང་ཤིན་པོའོ་སློབ་གྲྭ་ཆེན་མོ།
      སློབ་གྲྭ་དེར་གེ་སར་ཞིབ་འཇུག་གི་སྐོར་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཨེ་ཤ་ཡ་ཤར་ལྷོ་ཁུལ་དང་བོད་ཀྱི་རོལ་མོ་ཞིབ་འཇུག་དང༌། བོད་ཀྱི་དམངས་ཁྲོད་རོལ་དབྱངས་སོགས་ཡིན། ཞིབ་འཇུག་གི་འབྲས་བུར་ལྷ་སའི་དམངས་གཞས། གེ་སར་རྒྱལ་པོའི་སྒྲུང་སོགས་ཡོད།
      ལྔ། གེ་རི་ཧྥི་སི་སློབ་གྲྭ་ཆེན་མོ།(Griffith University)
གེ་རི་ཧྥི་སི་སློབ་གྲྭ་ཆེན་མོ་ནི། ཁོན་ཧྲི་ལན་གླིང་དུ་ཡོད་ཅིང༌། དེར་སློབ་ཁུལ་ལྔ་ཡོད་པ་རྣམས་གྲོང་ཁྱེར་གཉིས་སུ་ཆགས་ནས་ཡོད། དེའི་ཨེ་ཤ་ཡ་གླིང་གི་ཞིབ་འཇུག་གི་སྟོབས་ཤུགས་ནི་གཞུང་བཙུགས་སློབ་ཆེན་དང་ཉེ་བ་ཡོད་པས་རྒྱལ་ཁབ་དེའི་ཨང་གཉིས་པར་སླེབས་ཀྱི་ཡོད། དེར་བོད་རིག་པ་ཞིབ་འཇུག་བྱེད་མཁན་མཱ་ཁེ་ལན་ཞེས་པའི་དགེ་རྒན་ཆེན་མོ་ཞིག་ཡོད།
      དྲུག ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོ།(University of Newcastle)
      ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོ་ནི། སྤྱི་ལོ་1965ལོར་བཙུགས་པ་དང་རྒྱལ་ཁབ་ཀྱི་སློབ་ཆེན་ཨང་བཅུ་གསུམ་པར་སླེབས་ཀྱི་ཡོད། སློབ་གྲྭ་དེའི་མི་ཆོས་ཚན་རིག་སློབ་གླིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྤྱི་ཚོགས་འགྱུར་བ་ཞིབ་འཇུག་ལྟེ་གནས་ནི་ཝོལ་ལོན་གོང་སློབ་གྲྭ་ཆེན་མོ་(University of Wollongong)དང་མཉམ་དུ་བཙུགས་པ་ཞིག་རེད་ལ། རྒྱལ་ཁབ་ཀྱི་སློབ་ཁྲིད་དང་ཞིབ་འཇུག་ལྟེ་གནས་གཙོ་གྲས་ཤིག་རེད། དེ་ནི་རྒྱལ་ཁབ་ཀྱི་ཞིབ་འཇུག་རྣམ་གྲངས་ཆེན་པོ་ང་ཚོའི་ས་ཁུལ་དང་འཛམ་བུ་གླིང་ཤེས་རྟོགས་བྱེད་དགོས་ཞེས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཡན་ལག་གྲས་ཤིག་རེད། རྣམ་གྲངས་དེའི་དམིགས་ཡུལ་གཙོ་བོ་ནི་ཉེ་འཁོར་རྒྱལ་ཁབ་དང་ས་ཁུལ་ཞིབ་འཇུག་བྱས་པ་བརྒྱུད་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྤྱི་ཚོགས་འགྱུར་ལྡོག་དང་འཕེལ་ཕྱོགས་ཤེས་རྟོགས་ཡོང་ཆེད་རེད། ལྟེ་གནས་དེར་བོད་རིག་པ་ཞིབ་འཇུག་གི་མི་སྣ་གཙོ་བོ་དགེ་རྒན་ཆེན་མོ་ཇེ་ཧྥུ་རེ་སཱ་མུལ་དང་སན་ཏི་རོ་ཟ་རི་གཉིས་ཡོད།
      བདུན། སེད་ནེ་ཚན་རྩལ་སློབ་གྲྭ་ཆེན་མོ།(University of Technology,Sydney)
      སེད་ནེ་ཚན་རྩལ་སློབ་གྲྭ་ཆེན་མོ་ནི། སེད་ནེ་གྲོང་ཁྱེར་གྱི་དཀྱིལ་དུ་ཡོད་ལ། དེ་ནི་གཞུང་བཙུགས་སློབ་གྲྭའི་གྲས་ཤིག་རེད། དེའི་རྒྱལ་སྤྱི་ཞིབ་འཇུག་སློབ་གླིང་ནི། འཛམ་གླིང་གྲགས་ཅན་གྱི་ཀྲུང་གོར་ཞིབ་འཇུག་བྱེད་མཁན་གོ་དེ་མན་ཟེར་བ་དེས་1994ལོར་བཙུགས་པ་རེད། སྤྱི་ལོ་2005ལོར། སློབ་གླིང་དེར་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཤིག་བཙུགས་པ་རེད་ལ། སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་ནས་ཆེད་ལས་མཁས་པ་དང༌། དགེ་རྒན་ཆེན་མོ་མང་པོ་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་ཆབས་ཅིག་ཏུ་མཉམ་ལས་ཀྱིས་ཞིབ་འཇུག་རྣམ་གྲངས་མང་པོ་སྤེལ། ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་ཀྲུང་གོའི་སྨན་བཅོས་དང༌། ཁོར་ཡུག་ཐོན་ཁུངས་ལེགས་བཅོས། ཀྲུང་གོ་དང་ཨ་རི་ལྷོ་རྒྱུད། ཨེ་ཤ་ཡའི་ལྷོ་རྒྱུད་བར་གྱི་འབྲེལ་བ་དང༌། ཀྲུང་གོའི་ས་ཁུལ་ཁག་གི་ཞིབ་འཇུག་སྐོར་ཡིན། དེའི་ནང་བོད་རིག་པ་དང་འབྲེལ་ཡོད་ནང་དོན་ནི་ཀྲུང་གོའི་ས་ཁུལ་ཁག་གི་ཞིབ་འཇུག་དེ་རེད། ཞིབ་འཇུག་གི་རྣམ་གྲངས་དེ་ནི་སྤྱི་ལོ་1994ལོར་དགེ་རྒན་ཆེན་མོ་གོ་དེ་མན་གྱིས་སྤེལ་བ་དང་ད་ལྟ་བར་ལས་ཀ་མཇུག་སྒྲིལ་མེད་པ་རེད། དེའི་རིང་ཀྲུང་གོ་དང༌། ཤང་ཀང༌། སིང་ཀ་ཕོར། འཇར་མན་སོགས་ནས་ཞིབ་འཇུག་མི་སྣ་བདུན་ཅུ་ལྷག་ལས་ཀ་དེར་ཞུགས་ཡོད་པ་དང༌། ལོ་ལྟར་ཚོགས་འདུ་ཐེངས་རེ་བསྐོང་འཚོགས་བྱས། སྤྱི་ལོ་1997ལོར། ཀྲུང་གོའི་སྐོར་གྱི་དུས་དེབ་གཅིག་གསར་སྤེལ་བྱས་པ་དང༌། རྣམ་གྲངས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཀྲུང་གོའི་སྤྱི་ཚོགས་དང་རིག་གནས་འགྱུར་བར་ཤེས་རྟོགས་ཡོང་ཆེད་དང༌། དགེ་རྒན་ཆེན་མོ་གོ་དེ་མན་དང་འབུམ་རམས་པ་ཁོ་ཁེ་གཉིས་ཀྱིས་གཙོ་བོ་མཚོ་སྔོན་ཞིང་ཆེན་སྐོ ར་ལ་ཞིབ་འཇུག་བྱས་པ་རེད།
      བརྒྱད། ཏ་སེ་མཱ་ནཱི་སློབ་གྲྭ་ཆེན་མོ།(University of Tasmania)
      ཏ་སེ་མཱ་ནཱི་སློབ་གྲྭ་ཆེན་མོ་ནི། སྤྱི་ལོ་1890ལོར་བཙུགས་ཤིང༌། དེ་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་རིང་ཤོས་ཀྱི་སློབ་ཆེན་བཞིའི་གྲས་ཤིག་ཡིན། དེ་ནི་ཏ་སེ་མཱ་ནཱི་གླིང་གི་ལྷོ་ཕྱོགས་སུ་ཡོད། དེའི་མཚན་ཉིད་རིག་པ་སློབ་གླིང་དང་རྒྱ་གར་མཐོ་རིམ་བོད་རིག་པ་ཞིབ་འཇུག་གླིང་དང་འབྲེལ་བ་ཡོད་པས། ལོ་ལྟར་ཕན་ཚུན་སློབ་མ་གཏོང་བ་སོགས་ཀྱི་རྣམ་གྲངས་སྤེལ་གྱི་ཡོད་སྐད།
      གཞན་ཡང་ཨོ་གླིང་ལྷོ་མའི་སློབ་ཆེན་དང༌། མོར་པན་སློབ་གྲྭ་ཆེན་མོ། མིལ་ཁུ་རི་(MilcquarieUniversity)སློབ་ཆེན་སོགས་སུ་ཡང་བོད་རིག་པའི་སྐོར་ཞིབ་འཇུག་བྱེད་མཁན་རེ་གཉིས་ཡོད།
གསུམ་པ། དཔྱད་གཞིའི་ཡིག་ཆའི་སྐོར།
      ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་གྲྭ་ལྟ་བུར་མཚོན་ན། བོད་ཡིག་དཔེ་ཆ་དང་རྒྱུ་ཆ་ཅུང་ཆ་ཚང་པོ་ཡོད། དེ་དག་ཕལ་ཆེ་བ་ནི་ཉོ་སྒྲུབ་དང་མི་སྒེར་གྱིས་ཕུལ་བ་ལས་བྱུང་བ་དང༌། དེའི་ཁྲོད་གཙོ་བོ་རྒྱ་ཡིག་དང༌། བོད་ཡིག དབྱིན་ཡིག ལེགས་སྦྱར་བཅས་ཡིག་རིགས་བཞིའི་རྒྱུ་ཆ་ཡིན་པ་མ་ཟད། ད་དུང་ཨུ་རུ་སུའི་ཡི་གེ་དང༌། འཇར་མན་གྱི་ཡི་གེ ཧྥ་རན་སིའི་ཡི་གེ་སོགས་ཀྱི་དཔེ་ཆ་ཡང་མི་ཉུང་བ་ཡོད་པ་རེད། དྲ ་ཐོག་ནས་འཚོལ་ཞིབ་བྱས་པ་ལྟར་ན། དཔེ་ཆ་མི་འདྲ་བ་རིགས་2005ལྷག་ཙམ་ཡོད་པའི་ཁྲོད་བོད་ཡིག་སྐོར་ལ་བཀའ་བསྟན་དང༌། ས་སྐྱ་གོང་མ་རྣམས་ཀྱི་གསུང་འབུམ། རྒྱལ་རབས་ཆོས་འབྱུང༌། གེ་སར་སྒྲུང་ཡིག་སོགས་ཡོད།[9]དེ་བཞིན་སྲིད་གཞུང་གིས་དཔེ་མཛོད་ཁང་དང་དཔེ་མཛོད་ཁང་གི་དྲ་རྒྱ་འཛུགས་སྐྲུན་ལས་ཀར་ཆེས་མཐོང་ཆེན་བྱས་ནས་རྒྱལ་ནང་གི་དཔེ་མཛོད་ཁང་ཚང་མ་ཕན་ཚུན་དཔེ་དེབ་དང་རྒྱུ་ཆ་སྣ་ཚོགས་མཉམ་སྤྱོད་བྱེད་ཐུབ་པ་མ་ཟད། ད་དུང་འཛམ་གླིང་གི་རྒྱལ་ཁབ་མང་པོ་དང་འབྲེལ་བ་ཡག་པོ་བཙུགས་ནས་ཕན་ཚུན་དཔེ་དེབ་དང་རྒྱུ་ཆ་གཡར་བསྐུར་གྱི་བྱེད་སྒོ་སྤེལ་བཞིན་ཡོད། ལྷག་པར་དུ་ནེའུ་ཙེ་ལན་གྱི་དཔེ་མཛོད་ཁང་དང་འབྲེལ་བ་ཟབ་པོ་བཙུགས་ཡོད་པས། ཀློག་པ་པོས་དཔེ་མཛོད་ཁང་གང་རུང་ཞིག་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་དཔེ་མཛོད་ཁང་ནས་སོ་སོར་མཁོ་བའི་དཔེ་དེབ་དང་རྒྱུ་ཆ་བདེ་བླག་ངང་གཡར་ཐུབ་ཀྱི་ཡོད།
      རྒྱལ་ཁབ་དཔེ་མཛོད་ཁང་གི་བོད་རིག་པའི་སྐོར་གྱི་རྒྱུ་ཆ་ཁ་ཤས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཨེ་ཤ་ཡ་ཞིབ་འཇུག་མཁན་མི་སྒེར་གྱིས་ཉར་ཚགས་བྱས་པའི་དཔེ་ཆ་ཡིན། དེ་དག་ཁ་ཤས་ནི་དཔེ་མཛོད་ཁང་གིས་ཉོས་ནས་བྱུང་བ་དང༌། ཁ་ཤས་ནི་མི་སྒེར་གྱིས་རིན་མེད་ཕུལ་བ་ཡིན། རྒྱུ་ཆ་དེ་དག་གི་ཁྲོད་མང་ཆེ་བ་ནི་དེ་སྔོན་ནུབ་ཕྱོགས་སུ་དར་བའི་རྒྱ་གར་དང་བོད་སྐོར་གྱི་དཔེ་དེབ་ཡིན་པ་རེད་ལ། དེའི་ནང་བོད་ཡིག་དཔེ་ཆའང་ཚུད་ཡོད།[10] རྒྱལ་ཁབ་དཔེ་མཛོད་དུ་བོད་ཀྱི་བཀའ་བསྟན་པར་མ་མི་འདྲ་བ་ཁ་ཤས་ཤིག་ཉར་ཚགས་བྱས་ཡོད། དཔེར་ན། དེའི་ནང་སྤྱི་ལོ་1955ལོ་ནས་སྤྱི་ལོ་1961ལོ་བར་འཇར་པན་ནས་པར་བཏབ་པའི་པེ་ཅིང་དཔར་མ་དང༌། 1981ལོར། ཨ་རི་ནས་པར་བཏབ་པའི་རྙིང་མའི་བཀའ་བསྟན། ཁོ་རེ་ཡ་ནས་ཐོན་པའི་རྒྱ་ཡིག་བཀའ་བསྟན་བཅས་ཚུད་ཡོད། གཞན་ཡང་དཔེ་མཛོད་དེར་སྤྱི་ལོ་1792ལོར་བརྩམས་པའི་རྒྱ་ཡིག་གི་དབུས་གཙང་ཟིན་ཐོ་དང༌། 1785ལོར་པར་བཏབ་པའི་བོད་ཀྱི་ས་ཁྲ་ཞིག་ཀྱང་ཉར་ཚགས་བྱས་ཡོད། ས་ཁྲ་འདི་ནི་སྐབས་དེར་ལྷ་སར་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཚོགས་པས་བྲིས་པ་ཞིག་ཡིན་ཞིང༌། དེང་འཛམ་གླིང་ན་ཆེས་སྔ་བའི་བོད་ཀྱི་ས་ཁྲ་ཞིག་ཡིན་པར་གྲགས། དེར་ཡོད་པའི་བོད་རིག་པའི་སྐོར་གྱི་ཡིག་ཆ་དང་རྒྱུ་ཆ་ཕལ་ཆེ་བ་ནི་ཀྲུང་གོ་དང༌། ཐན་ཝན། ཤང་ཀང༌། ཨེ་ཤ་ཡ་ཤར་ལྷོ འི་ཕྱོགས་ནས་ཐོན་པའི་རྒྱ་ཡིག་གི་རྒྱུ་ཆ་སོགས་ཡིན།
རྒྱལ་ཁབ་དཔེ་མཛོད་ཁང་ཕུད་པའི་འདིར་ཞུས་སློབ་ཆེན་ཁག་གི་དཔེ་མཛོད་ཁང་དུའང་བོད་རིག་པ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་མང་པོ་བསྡུ་རུབ་བྱས་ཡོད། སྐད་གྲགས་ཆེ་བའི་ཨེ་ཤ་ཡ་ཞིབ་འཇུག་དྲ་མཛོད་ཆེན་མོ་དང༌། བོད་རིག་པ་དྲ་མཛོད་ཆེན་མོ་གཉིས་ནི་ཨོ་སི་ཁྲུ་ལི་ཡའི་ཨེ་ཤ་ཡ་ཞིབ་འཇུག་མཁན་ཚོས་སྤྱི་ལོ་1994ལོར་གསར་དུ་བཙུགས་པ་ཞིག་རེད། དྲ ་མཛོད་དེས་ཨེ་ཤ་ཡའི་ཞིབ་འཇུག་སྐོར་གྱི་རྒྱུ་ཆ་རྣམས་ས་ཁུལ་དང་རིག་ཚན་ལྟར་དབྱེ་ནས་འཚོལ་ཞིབ་བདེ་བ་ཙམ་མ་ཟད། དེ་བརྒྱུད་ནས་མི་རྣམས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཨེ་ཤ་ཡ་ཞིབ་འཇུག་ཚན་པ་དང་འབྲེལ་ཡོད་དཔེ་མཛོད་ཁང་འཚོལ་ཐུབ། ད་ལྟ་དྲ་མཛོད་ནང་དུ་འབྲེལ་ཡོད་རྒྱུ་ཆ་བྱེ་བ་གསུམ་དང་ས་ཡ་ལྔ་ལྷག་བསྡུ་རུབ་བྱས་ཡོད། ནེའུ་ཙེ་ལན་རྒྱལ་ཁབ་དཔེ་མཛོད་ཁང་དུ་འབྲེལ་ཡོད་རྒྱུ་ཆ་དེ་ཙམ་ཕུན་སུམ་ཚོགས་པོ་མེད་ཀྱང་དེ་དང་ཨོ་སི་ཁྲུ་ལི་ཡའི་དཔེ་མཛོད་ཁང་ཁག་དང་འབྲེལ་བ་བཙུགས་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སློབ་ཆེན་ཁག་གི་དཔེ་མཛོད་ཁང་བརྒྱུད་ནས་གཟའ་འཁོར་གཅིག་གི་དུས་ཡུན་ནང་དུ་རྒྱུ་ཆ་ལག་སོན་ཐུབ་པར་གཡར་ཐུབ་ཀྱི་ཡོད།
བཞི་པ། ཞིབ་འཇུག་མི་སྣ་དང་བརྩམས་ཆོས་ཀྱི་སྐོར།
      དེ་ཇོང༌།(J.w.dejong 1921-2000)ནི། 1921ལོར། ཧོ་ལན་ལེ་ཏུན་གྲོང་ཁྱེར་དུ་འཁྲུངས་ཤིང༌། 1949ལོར་ལེ་ཏུན་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པའི་གོ་མིང་ཐོབ། ཁོང་ནི་ཧོ་ལན་སྐད་དང༌། ཧྥ་རན་སིའི་སྐད། དབྱིན་ཇིའི་སྐད། འཇར་མན་སྐད། རྒྱ་སྐད། འཇར་པན་སྐད། ཨུ་རུ་སུའི་སྐད། བོད་སྐད། ལེགས་སྦྱར་སྐད་སོགས་ལ་བྱང་ཆུབ་པའི་བོད་རིག་པ་མཁས་པ་ཞིག་ཡིན། ཁོང་དེ་སྔོན་ཨ་རིའི་ཧ་ཧྥུ་སློབ་ཆེན་དང༌། ཧྥ་རན་སིའི་པཱ་ལིང་སློབ་ཆེན་དུ་སློབ་སྦྱོང་བྱེད་རིང་ཧྥ་རན་སིའི་བོད་རིག་པ་མཁས་ཅན་ལཱ་ལོ་(MarcelleLalou1890-1967)དང༌། དཱེ་མཱི་ཝེལ་(P.Demieville)གཉིས་དགེ་རྒན་དུ་བསྟེན་མྱོང་ཡོད། 1954ལོར་ཕ་ཡུལ་དུ་ལོག་ནས་ལེ་ཏུན་སློབ་ཆེན་གྱི་རྒྱ་གར་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བྱེད་མཁན་གྱི་དགེ་རྒན་དང་པོར་གྱུར་པ་རེད། 1957ལོར། ཁོང་གིས་རྒྱ་གར་དང་དབྱི་རན་ཞེས་པའི་དུས་དེབ་གཅིག་གསར་དུ་སྤེལ་བ་རེད། 1965ལོར། ཨོ་སི་ཁྲུ་ལི་ཡ་གཞུང་བཙུགས་སློབ་ཆེན་གྱིས་གདན་ཞུས་ལྟར་དེར་ཕེབས་ནས་སློབ་གྲྭ་དེར་ཨེ་ཤ་ཡ་ཞིབ་འཇུག་ཚན་པ་བཙུགས་པ་དང་ཆབས་ཅིག ཚན་ཁག་གི་དབུ་འཛིན་གྱི་འགན་བཞེས་ནས་1986ལོའི་བར་སངས་རྒྱས་ཆོས་ལུགས་དང་རྒྱ་གར་གྱི་མཚན་ཉིད་རིག་པར་ཞིབ་འཇུག་གནང༌། ཁོང་གིས་བོད་རིག་པའི་སྐོར་གྱི་སློབ་མ་མང་པོ་གསོ་སྐྱོང་བྱས་ཡོད་པ་དཔེར་ན། ཨ་རིའི་སི་ཐན་ཧྥུ་སློབ་ཆེན་གྱི་ཆོས་ལུགས་ཚན་ཁག་གི་དགེ་རྒན་ཆེན་མོ་ཧ་རི་སོན་(Paul Harrison)ནི་ཁོང་གི་འབུམ་རམས་ཞིབ་འཇུག་སློབ་མ་རེད། ཁོང་གི་བརྩམས་ཆོས་ནང་ཡོ་རོབ་གླིང་དང་ཨ་རིའི་ཁུལ་དུ་སངས་རྒྱས་ཆོས་ལུགས་ཞིབ་འཇུག་བྱེད་པའི་ལོ་རྒྱུས་དང༌། མི་ལ་རས་པའི་རྣམ་ཐར་སོགས་ཡོད་ལ། ད་དུང་སམསྐྲྀཏའི་དཔེ་རྙིང་ཧྥ་རན་སིའི་ཡི་གེར་བསྒྱུར་བའི་བརྩམས་འབྲས་ཀྱང་ཡོད། ཁོང་གིས་དཔྱད་རྩོམ་ཡང་མང་པོ་སྤེལ་ཡོད་ཅིང༌། དེ་དག་ལ་འཛམ་གླིང་གི་སངས་རྒྱས་ཆོས་ལུགས་ཞིབ་འཇུག་མཁན་རྣམས་ནས་ཆེས་མཐོང་ཆེན་བྱེད་ཀྱི་ཡོད། ཁོང་གིས་མི་ཚེ་གཅིག་གི་རིང་དཔེ་ཆ་དེབ་གྲངས་20000ཙམ་འཚོལ་བསྡུ་བྱས་ཡོད་པ་དང༌། དེའི་ནང་ཕལ་ཆེ་བ་ནི་ཨེ་ཤ་ཡ་ཞིབ་འཇུག་དང་སངས་རྒྱས་ཆོས་ལུགས་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞི་དང་རྒྱུ་ཆ་ཡིན་ལ། ཁ་ཤས་ནི་དུས་རབས་བཅོ་བརྒྱད་པའི་ནང་ཡོ་རོབ་གླིང་ནས་དཔེ་སྐྲུན་བྱས་པའི་ཏུན་ཧོང་དང་བོད་ཀྱི་སྐོར་གྱི་དཔེ་ཆ་ཡིན་པས་རིག་གཞུང་གི་རིན་ཐང་ཧ་ཅང་ཆེན་པོ་ཡོད། 2000ལོར། ཁོང་གིས་ཉར་ཚགས་བྱས་པའི་དཔེ་ཆ་གྲངས་12000ལྷག་ཙམ་ཞིག་ནེའུ་ཙེ་ལན་གྱི་ཁན་ཐེ་པོའོ་ལེ་སློབ་ཆེན་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པ་དང་ཆབས་ཅིག དེ་དག་ལ་ཆེད་དུ་དཀར་ཆག་ཀྱང་བཟོས་ཡོད་པ་རེད།
ཕོ་ཝེར་སེ་(John Powers)ནི། གཞུང་བཙུགས་སློབ་ཆེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་ཞིབ་འཇུག་སློབ་གླིང་གི་སྤྱི་ཚོགས་དང་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཞིག་རེད་ལ། དེ་ཡང་ཨོ་སི་ཁྲུ་ལི་ཡར་ཡོད་པའི་ཆེད་མངགས་བོད་ཀྱི་སྐོར་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་མཁས་པ་ཞིག་རེད། ཁོང་ནི་1984ལོར་ཁ་ན་ཏའི་མཱ་སེ་ཐེ་སློབ་ཆེན་ནས་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མ་ཐོན་པ་དང༌། 1991ལོར་ཨ་རིའི་ཧྥུ་ཇི་ཉི་ཡ་སློབ་ཆེན་ནས་ཆོས་ལུགས་རིག་པ་ཆེད་ལས་ཀྱི་འབུམ་རམས་པའི་གོ་མིང་ཐོབ། སྔ་རྗེས་སུ་ཨ་རིའི་སློབ་ཆེན་མང་པོར་སློབ་ཁྲིད་བྱེད་མྱོང་ཡོད་ཅིང༌། 1995ལོར་ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་དུ་སླེབས། དེ་སྔོན་གཙོ་བོ་བོད་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་ཀྱི་ཡོད་ཀྱང༌། ཕྱིས་སུ་དེང་རབས་བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས་སྐོར་ལ་དོ་སྣང་ཆེ། ཞིབ་འཇུག་གི་རྣམ་གྲངས་གྲས་སུ་དུས་རབས་ཉི་ཤུའི་དུས་འགོའི་ཀྲུང་གོའི་སངས་རྒྱས་ཆོས་ལུགས་དང༌། ཀྲུང་གོའི་ཆོས་ལུགས་སོགས་ཡོད། རྟག་ཏུ་ཨ་རིའི་ལོ་རྒྱུས་དཔྱད་བརྗོད་དང༌། འཛམ་གླིང་སངས་རྒྱས་ཆོས་ལུགས། ཆོས་ལུགས་ཞིབ་འཇུག་དཔྱད་བརྗོད་སོགས་དུས་དེབ་ཁག་ཏུ་བོད་བརྒྱུད་ནང་བསྟན་སོགས་ཀྱི་དཔྱད་རྩོམ་སྤེལ་མྱོང་བ་མ་ཟད། ཨོ་སི་ཁྲུ་ལི་ཡའི་འབྲེལ་ཡོད་ཚན་པའི་བློ་འདྲི་ཡུལ་དང༌། དབྱིན་ཇིའི་གྲགས་ཅན་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ་བཅས་ཀྱི་འགན་བཞེས་མྱོང༌། བརྩམས་ཆོས་སུ་1991ལོར་སངས་རྒྱས་ཆོས་ལུགས་ནང་གི་ཡོ་གའི་སྐོར་ཞེས་པ་དང༌། 1995ལོར་བོད་བརྒྱུད་ནང་བསྟན་ངོ་སྤྲོད། 2004ལོར་ཕྱི་རྒྱལ་གྱི་བོད་རིགས་དང་ཀྲུང་གོ་ཞེས་པ་སོགས་དཔེ་སྐྲུན་བྱས་ཡོད།
      མོར་ཏོན་ནི། (Katherine Morton) གཞུང་བཙུགས་སློབ་ཆེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་པ་ཞིག་ཡིན་པ་དང༌། ཁོ་མོ་ནི་གཞུང་བཙུགས་སློབ་ཆེན་ནས་ཐོན་པའི་འབུམ་རམས་པ་ཞིག་རེད། ཁོ་མོའི་ཆེད་ལས་ནི་ཀྲུང་གོའི་གནས་ཚུལ་དང༌། མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་གི་སྐོར་ཡིན་ཞིང༌། དེ་སྔོན་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་བརྟག་དཔྱད་བྱེད་པར་ཕེབས་མྱོང་ཡོད་ལ། 2008ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རིག་པ་ཞིབ་འཇུག་ཁང་དུ་མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྐོར་འཆད་ཁྲིད་གནང་མྱོང་ཡོད། བརྩམས་ཆོས་སུ་2005ལོར་རྒྱལ་སྤྱིས་རོགས་སྐྱོར་དང་ཀྲུང་གོའི་ཁོར་ཡུག་ཅེས་པ་དཔེ་སྐྲུན་བྱས་པ་དང༌། ད་དུང་མཚོ་སྔོན་ཞིང་ཆེན་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་ཞེས་པ་དང༌། ཀྲུང་གོའི་ཁོར་ཡུག་བདེ་འཇགས། མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་ཞེས་པ་སོགས་དཔྱད་རྩོམ་མང་པོ་སྤེལ་ཡོད།
      བཱར་མེ།(Geremie Barme) ཁོང་ནི་ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་ཞིབ་འཇུག་སློབ་གླིང་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེན་མོ་ཞིག་རེད། ཁོང་ནི་ཀྲུང་གོར་ལོ་མང་པོ་སྡོད་མྱོང་ཡོད་པ་མ་ཟད། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་ནང་ཤང་ཀང་གི་ལོ་རབས་དགུ་བཅུ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་མྱོང་ཡོད་པས། ཀྲུང་གོའི་གནས་ཚུལ་ལ་རྒྱུས་མངའ་ཡང་ཆེན་པོ་ཡོད། ཁོང་གིས་སྔ་རྗེས་སུ་དུས་དེབ་དང༌། ཚགས་པར་ཐོག་ཏུ་རིག་གནས་དང༌། དཔེ་དེབ་དཔྱད་བརྗོད་སོགས་ཀྱི་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པའི་ཁྲོད་བོད་རིག་པའི་སྐོར་གྱི་ནང་དོན་ཡང་ཡོད།
      མར་ཁེ་ཨ་ནོན།(Mark Anon) ཁོང་ནི་འབུམ་རམས་པ་དང༌། སེད་ནེ་སློབ་ཆེན་གྱི་རྒྱ་གར་ཞིབ་འཇུག་ཚན་ཁག་གི་དབུ་འཛིན། ཨོ་སི་ཁྲུ་ལི་ཡའི་སངས་རྒྱས་ཆོས་ལུགས་ཞིབ་འཇུག་ཚོགས་པའི་དབུ་འཛིན་བཅས་ཡིན། ཁོང་ནི་ལེགས་སྦྱར་སྐད་ཡིག་གི་དགེ་རྒན་ཆེ་མོ་བ་ཞིག་ཡིན་ལ། གཙོ་བོར་ཨེ་ཤ་ཡའི་ཁུལ་གྱི་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱེད་བཞིན་ཡོད།
      མེ་ཁེ་ཀ་རི་ཐེ།(Andrew Mc Garrity) ཁོང་ནི་སེད་ནེ་སློབ་ཆེན་རྒྱ་གར་ཞིབ་འཇུག་ཚན་ཁག་གི་འབུམ་རམས་པ་ཡིན་ཞིང༌། ཁོང་གི་འབུམ་རམས་པའི་སློབ་ཐོན་དཔྱད་རྩོམ་ནི་རྒྱ་གར་གནའ་རབས་ཀྱི་དབུ་མའི་ལྟ་བའི་སྐོར་ཡིན་པ་དང༌། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་བརྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པ་དང༌། ཚད་མ་རིག་པའི་སྐོར་ཡིན་ལ། རྒྱ་གར་ཞིབ་འཇུག་ཚན་ཁག་གི་ལེགས་སྦྱར་སྐད་ཡིག་དང་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་ཡིན།
      ཁོན་ནོར།(Linda Connor) ཁོང་ནི་མི་རིགས་རིག་པའི་དགེ་རྒན་ཆེ་མོ་བ་ཡིན། 2009ལོར་སེད་ནེ་སློབ་ཆེན་མི་རིགས་རིག་པའི་ཚན་ཁག་དང་ཨོ་སི་ཁྲུ་ལི་ཡའི་མི་རིགས་རིག་པ་ཞིབ་འཇུག་ཚོགས་པའི་དབུ་འཛིན་ཡིན། ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡའི་མི་ཡིན་པ་དང༌། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་མི་རིགས་རིག་པའི་གློག་བརྙན་གྱི་སྐོར་ཡིན། ཁོ་མོས་དེ་སྔོན་པཱ་ལེ་གླིང་ཕྲན་གྱི་མོ་མ། ཞེས་པའི་གློག་བརྙན་ཞིག་བཟོས་པ་རེད། གློག་བརྙན་དེ་ནི་མི་རིགས་རིག་པའི་གློག་བརྙན་གྱི་ཁྱབ་ཁོངས་ནང་དཔེ་མཚོན་གྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད། 1998ལོ་ནས་2008ལོའི་བར། ཁོ་མོས་ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྤྱི་ཚོགས་ཞིབ་འཇུག་ལྟེ་གནས་སུ་དགེ་རྒན་བྱེད་རིང་མི་གཞན་དང་མཉམ་ལས་ཀྱི་ཐོག་ནས་བོད་རིག་པ་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་རྣམ་གྲངས་མང་པོ་བསྒྲུབས་མྱོང་ཡོད། ཁོ་མོའི་བརྩམས་ཆོས་གཙོ་བོ་ནི་མི་གཞན་དང་མཉམ་དུ་བརྩམས་ཤིང་སྤྱི་ལོ2001ལོར་དཔེ་སྐྲུན་བྱས་པའི་ཨེ་ཤ་ཡའི་སྤྱི་ཚོགས་སྟེང་གི་སྲོལ་རྒྱུན་གསོ་བ་རིག་པ་ཞེས་པ་དེ་ཡིན།
      དགེ་རྒན་ཆེན་མོ་མན་ཁེ་རས།(Colin Mackerras) ཁོང་ནི་1970ལོར་ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་ནས་མཚན་ཉིད་རིག་པ་ཆེད་ལས་ཀྱི་འབུམ་རམས་པའི་གོ་མིང་ཐོབ་ཅིང༌། རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ཀྲུང་གོའི་གནའ་རབས་ལོ་རྒྱུས་མཁས་ཅན་ཞིག་ཡིན་པ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོའི་མི་རིགས་གནད་དོན་དང༌། ཀྲུང་གོའི་ཟློས་གར་སྐོར་གྱི་ཆེད་ལས་མཁས་པ་ཞིག་ཀྱང་རེད། སྔ ་རྗེས་སུ་ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་ཞིབ་འཇུག་ཚོགས་པའི་དབུ་འཛིན་དང༌། གེ་རི་ཧྥི་སི་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན། ཨེ་ཤ་ཡ་དང་རྒྱལ་སྤྱི་ཞིབ་འཇུག་ཁང་གི་དབུ་འཛིན་བཅས་བྱེད་མྱོང་ཡོད། 1985ལོ་དང༌། 1995ལོ། 1997ལོར་བོད་ལྗོངས་དང༌། མཚོ་སྔོན། ཀན་སུའུ་བོད་རིགས་ས་ཁུལ་དུ་བརྟག་དཔྱད་བྱེད་པར་ཕེབས་མྱོང་ཡོད། ཁོང་གི་བརྩམས་ཆོས་ཀྱི་གྲས་སུ་ཀྲུང་གོའི་ལོ་རྒྱུས་སྐོར་དང༌། གྲངས་ཉུང་མི་རིགས་སྐོར། ཟློས་གར་སྐོར་སོགས་མང་པོ་ཡོད་པ་དང༌། ནུབ་ཕྱོགས་པའི་མིག་ནང་གི་ཀྲུང་གོ་ཞེས་པ་སོགས་ཁག་གཅིག་རྒྱ་ཡིག་ཏུ་བསྒྱུར་ནས་རྒྱལ་ནང་དུ་འགྲེ མ་སྤེལ་བྱེད་མྱོང་ཡོད། བོད་རིག་པའི་སྐོ ར་ལ། གཙོ་བོར་ཀྲུང་གོའི་གྲངས་ཉུང་མི་རིགས་སོགས་ཡོད་པ་དང༌། དེ་དག་གི་ནང་དུ་བོད་ལ་སོགས་པའི་གྲངས་ཉུང་མི་རིགས་ཁག་གི་དཔལ་འབྱོར་དང༌། ཆོས་ལུགས། སློབ་གསོ། མི་འབོར། སྲིད་ཇུས། མི་རིགས་འབྲེལ་བ་སོགས་སྐོར་གྱི་ནང་དོན་ཚུད་ཡོད། གཞན་ཡང་བོད་ཀྱི་སྐོར་ལ། བོད་དང་ཀྲུང་གོའི་མི་ཞེས་པ་དང༌། བོད་ཀྱི་ཟློས་གར་ཞེས་པ་སོགས་ཀྱི་དཔྱད་རྩོམ་སྤེལ་ཡོད། 2008ལོར། པེ་ཅིང་བོད་རིག་པ་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་ཁོང་གིས་བོད་རིགས་ས་ཁུལ་གྱི་རྒྱ་རིགས་ཞེས་པའི་རྩོམ་ཡིག་ནང༌། 1990ལོ་ནས་2000ལོའི་བར་གྱི་ཀྲུང་གོའི་མི་འབོར་གྱི་དཔྱད་ཡིག་དང་ཕྱི་རྒྱལ་ནས་ཐོན་པའི་མི་འབོར་གྱི་དཔྱད་ཡིག་གཉིས་དཔྱད་བསྡུར་གྱིས་བོད་ཀྱི་མི་འབོར་དང་རིག་གནས་སྐོ ར་ལ་སོ་སོའི་ལྟ་བ་གསུངས་ཡོད།[11]
      དགེ་རྒན་ཆེན་མོ་སཱ་མུལ།(Geoffrey Samuel) ཁོང་ནི་1946ལོར་དབྱིན་ཇིར་འཁྲུངས། 1967ལོར་དབྱིན་ཇིའི་ཨོ་ཤོན་(Oxon)སློབ་ཆེན་ནས་དངོས་ཁམས་རིག་པ་ཆེད་ལས་ཐོན་པ་དང༌། 1975ལོར་ཁམ་ཟམ་སློབ་ཆེན་(University of Cambridge)ནས་མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་གོ་མིང་ཐོབ། འབུམ་རམས་པའི་སློབ་ཐོན་དཔྱད་རྩོམ་གྱི་ཁ་བྱང་ནི་བོད་ཀྱི་ཆོས་ལུགས་ཀྱི་མི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་ཞེས་པ་དེ་ཡིན་ཞིང༌། ཁོང་ནི་ཧྥ་རན་སིའི་སྐད་དང༌། འཇར་མན་གྱི་སྐད། དབྱི་ཐ་ལིའི་སྐད། ཨུ་རུ་སུའི་སྐད། བོད་སྐད་བཅས་སྐད་རིགས་མང་པོ་ཤེས་མཁན་ཞིག་ཡིན། 1978ལོར་ཨོ་སི་ཁྲུ་ལི་ཡའི་ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོར་ཕེབས་ནས་དགེ་རྒན་བྱས་པ་དང༌། 2004ལོར་དབྱིན་ཇིའི་ཁཱ་ཏི་ཧྥ་ུ སློབ་ཆེན་གྱི་ཆོས་ལུགས་ཞིབ་འཇུག་ཁང་གི་དགེ་རྒན་དུ་ཕེབས་མྱོང༌། ཁོང་ད་དུང་ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྤྱི་ཚོགས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་དགེ་རྒན་ཆེན་མོ་ཡིན་པ་མ་ཟད། གཞན་དབྱིན་ཇིའི་མི་རིགས་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང༌། ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་ཚོགས་པའི་དབུ་འཛིན་སྐུ་གཞོན། ཨེ་ཤ་ཡའི་གསོ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་ཀྱི་འགན་བཞེས་བཞིན་ཡོད། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། ཆོས་ལུགས་དང༌། བོད་བརྒྱུད་ནང་བསྟན། བོད་ཀྱི་གསོ་བ་རིག་པ། རྒྱ་གར་གྱི་སྲོལ་རྒྱུན་གསོ་རིག་སོགས་ཡིན། ཁོང་གིས་མི་ལོ་སུམ་ཅུ་ལྷག་ཙམ་རིང་བོད་རིག་པ་ཞིབ་འཇུག་བྱེད་རིང༌། བརྩམས་ཆོས་དེབ་བཅུ་དཔེ་སྐྲུན་བྱས་པ་དང༌། དཔྱད་རྩོམ་བརྒྱ་ཙམ་སྤེལ་ཡོད། བརྩམས་ཆོས་ཀྱི་གྲས་སུ་མི་རིགས་རིག་པ་དང་སྐྱེ་དངོས་རིག་པའི་འབྲེལ་མཚམས་ཞེས་པ་དང༌། བོད་ཀྱི་སྤྱི་ཚོགས་སྟེང་གི་སངས་རྒྱས་ཆོས་ལུགས། གསང་སྔགས་གསར་འགྲེལ། ཡོ་གའི་འབྱུང་ཁུངས་ཞེས་པ་སོགས་ཡོད་པ་མ་ཟད། ད་དུང་སྒྱུར་རྩོམ་གྱི་གྲས་སུ་དབྱི་ཐ་ལིའི་བོད་རིག་པ་མཁས་ཅན་ཐོ་ཆིའི་བོད་ཀྱི་ཆོས་ལུགས་དང༌། འཇར་མན་གྱི་སོག་པོ་རིག་པ་མཁས་ཅན་དགེ་རྒན་ཆེན་མོ་ཧེ་སི་(walther Heissig)ཡི་སོག་པོའི་ཆོས་ལུགས་ཞེས་པ་གཉིས་དབྱིན་ཡིག་ཏུ་བསྒྱུར་ཡོད། དེའི་ཁྲོད་ལས་མི་རིགས་རིག་པ་དང་སྐྱེ་དངོས་རིག་པའི་འབྲེལ་མཚམས་ཞེས་པ་དང༌། བོད་ཀྱི་སྤྱི་ཚོགས་སྟེང་གི་སངས་རྒྱས་ཆོས་ལུགས། གསང་སྔགས་གསར་འགྲེལ་ཞེས་པ་གསུམ་ནི་ཁོང་གི་བརྩམས་ཆོས་གལ་ཆེ་ཤོས་གསུམ་ཡིན། མི་རིགས་རིག་པ་དང་སྐྱེ་དངོས་རིག་པའི་འབྲེལ་མཚམས་ཞེས་པ་ནི། 1990ལོར་དཔེ་སྐྲུན་བྱས་ཤིང༌། 2006ལོར་དབྱིན་ཇི་ནས་པར་ཐེངས་གཉིས་པ་བཏབ། དེ་ནི་སྤྱི་ཚོགས་མི་རིགས་རིག་པའི་རིགས་གཞུང་སྐོར་ཡིན་པ་དང༌། དེའི་ནང་ཁོང་གིས་དངོས་ཁམས་རིག་པའི་ཆེད་ལས་བེད་སྤྱད་ནས་མི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་གསར་པ་ཞིག་བཏོན་ཡོད་པ་མ་ཟད། ཨ་རིའི་མི་རིགས་རིག་པ་མཁས་ཅན་པཱ་ཐེ་སོན་(Gregory Bateson 1904-1980)གྱི་ཕན་ནུས་རིང་ལུགས་ཀྱི་རིགས་གཞུང་དང༌། ཐུར་ནེར་(Vietor Turner 1920-1983)གྱི་ཆོ་གའི་སྐོར་གྱི་རིགས་གཞུང་གཉིས་གཅིག་ཏུ་སྦྲེལ་ནས་སྤྱད་ཡོད། བོད་ཀྱི་སྤྱི་ཚོགས་སྟེང་གི་སངས་རྒྱས་ཆོས་ལུགས་ཞེས་པ་ནི། 1995ལོར་དཔེ་སྐྲུན་བྱས་པ་དང༌། དེར་ནུབ་ཕྱོགས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་མི་རིགས་རིག་པའི་ཐབས་ལམ་སྤྱད་ནས་བརྩམས་པའི་བོད་སྐོར་གྱི་བརྩམས་ཆོས་དང་པོར་ངོས་འཛིན་བྱེད་ཀྱི་ཡོད། དེའི་ནང་ཁོང་གིས་རིག་ཚན་མི་འདྲ་བའི་མཁས་པ་རྣམས་ཀྱི་ཞིབ་འཇུག་གི་འབྲས་བུར་དབྱེ་ཞིབ་ཀྱིས་བོད་ཀྱི་ཆབ་སྲིད་དང༌། ཆོས་ལུགས། སྤྱི་ཚོགས་སྒྲིག་གཞིའི་སྣ་མང་རང་བཞིན་གྱི་ཐོག་ནས་དེ་དག་གི་ཁྱད་ཆོས་ལ་དཔྱད་གླེང་བྱས་ཡོད། གསང་སྔགས་གསར་འགྲེལ་ཞེས་པ་ནི། 2005ལོར་དཔེ་སྐྲུན་བྱས་པའི་ཁོང་གི་དཔྱད་རྩོམ་ཕྱོགས་སྒྲིག་ཅིག་རེད། དེའི་ནང་དཔྱད་རྩོམ་དྲུག་དེ་སྔོན་གཞན་དུ་སྤེལ་མྱོང་མེད་ལ། དཔྱད་རྩོམ་དེ་དག་གི་ཁྲོད་ཁོང་གིས་རྒྱ་གར་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས་ཀྱི་སྐོར་ལ་ལྟ་བ་གསར་པ་མང་པོ་བཤད་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་དང༌། བོད། དེ་བཞིན་དེང་རབས་ནུབ་ཕྱོགས་སྤྱི་ཚོགས་སུ་གསང་སྔགས་དར་ཚུལ་གྱི་སྐོར་གླེང་ཡོད། ཁོང་ཨོ་སི་ཁྲུ་ལི་ཡར་བཞུགས་རིང༌། སྲིད་གཞུང་གི་རྒྱབ་སྐྱོར་འོག་ཤར་ཕྱོགས་བོད་པའི་ས་ཁུལ་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གལ་ཆེའི་ཞིབ་འཇུག་རྣམ་གྲངས་མང་པོ་སྤེལ་མྱོང་ཡོད་པ་རེད། ཁོང་གི་དཔྱད་འབྲས་སུ་གླིང་གེ་སར།—བོད་པའི་སྤྱི་ཚོགས་སྟེང་གི་ས་མན་ཆོས་ལུགས་ཀྱི་སྟོབས་ཤུགས་ཞེས་པའི་ནང༌། གེ་སར་སྒྲུང་དེབ་ཀྱི་དཔར་མ་དང༌། ལོ་རྒྱུས་ཐོག་གི་གེ་སར། ལོ་རྒྱུས་སྙན་ངག་རིང་མོ་སྐྲུན་བྱེད་ཀྱི་ལོ་རྒྱུས། གེ་སར་སྒྲུང་ཡིག་གི་དོན་སྙི ང་སོགས་ཀྱི་སྐོ ར་བཤད་ཡོད།[12] དེང་སང་ཡང་ཁོང་ལ་བོད་སྐོ ར་གྱི་ཞིབ་འཇུག་རྣམ་གྲངས་ཁ་ཤས་ཡོད་པ་རེད། དཔེར་ན། བོད་ལྗོངས་ནུབ་ཕྱོགས་ཀྱི་བོན་པོའི་གསོ་བ་རིག་པ་ཞིབ་འཇུག་ཅེས་པ་ནི་དབྱིན་ཇིའི་ཐེབས་རྩ་ཞིག་གིས་རྒྱབ་སྐྱོར་བྱས་པའི་དུས་ཡུན་ལོ་གསུམ་(2008-2010)གྱི་ཞིབ་འཇུག་རྣམ་གྲངས་ཤིག་རེད། དེའི་ནང་ཁོང་གིས་བོད་ལྗོངས་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་དབུ་འཛིན་བསྟན་འཛིན་དབང་གྲགས་བརྒྱུད་ནས་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་སྲོལ་རྒྱུན་གསོ་རིག་དང་དེང་རབས་སྨན་བཅོས་ཀྱི་འབྲེལ་བའི་སྐོར་ལ་དཔྱད་པ་བྱས་ཡོད། ཁོང་གི་བརྩམས་འབྲས་བོད་ཀྱི་ཚེ་སྒྲུབ་སྐོར་གྱི་ཞིབ་འཇུག་ཅེས་པ་ནི། དབྱིན་ཇི་ནས་རྒྱབ་སྐྱོར་ཐོབ་པའི་དུས་ཡུན་ལོ་གསུམ་(2006-2009)གྱི་ཞིབ་འཇུག་རྣམ་གྲངས་ཤིག་རེད། བོན་གྱི་ཆོ་ག་ཕྱག་ལེན་ཁྲོད་ཀྱི་རོལ་དབྱངས་ཞིབ་འཇུག་ཅེས་པ་ནི། དབྱིན་ཇི་སྤྱི་ཚོགས་ཚན་རིག་ཁང་དང་ཐན་ཝན་ཚན་རིག་ཨུ་ཡོན་ལྷན་ཁང་གཉིས་ནས་རྒྱབ་སྐྱོར་ཐོབ་པའི་ཞིབ་འཇུག་རྣམ་གྲངས་ཤིག་རེད།
      སན་ཏི།(Santi Rozario) འབུམ་རམས་པ། ནེའུ་ཁཱ་སོའོ་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཡིན། 2004ལོར། དགེ་རྒན་ཆེན་མོ་སཱ་མུལ་དང་མཉམ་དུ་དབྱིན་ཇིའི་ཁཱ་ཏི་ཧྥུ་སློབ་ཆེན་དུ་ལས་ཀར་ཞུགས། ཁོ་མོ་ནི་བྷང་ག་ལའི་མི་ཞིག་ཡིན་པ་དང༌། བྷ ང་ག་ལའི་དཱ་ཁ་སློབ་ཆེན་ནས་ཐོན་པ་དང༌། 1989ལོར་ཨོ་སི་ཁྲུ་ལི་ཡའི་ནན་ཝེར་ཧྲི་སློབ་ཆེན་གསར་མ་ནས་མི་རིགས་རིག་པའི་འབུམ་རམས་པའི་གོ་མིང་ཐོབ། ཁོ་མོའི་ཞིབ་འཇུག་གི་ཁ་ཕྱོགས་ནི་བྷང་ག་ལའི་སྤྱི་ཚོགས་ཀྱི་བུད་མེད་དང༌། དབྱི་སི་ལན་ཆོས་ལུགས་སྐོར་ཡིན། བོད་རིག་པའི་སྐོར་ལ། གཙོ་བོ་དགེ་རྒན་ཆེན་མོ་སཱ་མུལ་གྱི་ཞིབ་འཇུག་རྣམ་གྲངས་ཀྱི་ནང་ཞུགས་མྱོང་ཡོད་པ་དང༌། བོད་རིགས་དང་རྒྱ་གར་མིའི་གཙང་བཙོག་གི་ལྟ་བ་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཡོད།
      དགེ་རྒན་ཆེན་མོ་གོད་མན།(Davide.G.Goodman) ཁོང་ནི་1948ལོར་དབྱིན་ཇིའི་རྒྱལ་ས་ལུན་ཏུན་དུ་འཁྲུངས། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་ནང་དབྱིན་ཇིར་སློབ་གྲྭ་འགྲིམ། ཆེད་ལས་ནི་ཨུ་རུ་སུའི་སྤྱི་ཚོགས་དང་དཔལ་འབྱོར་སྐོ ར་ཡིན། 1979ལོར་པེ་ཅིང་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས། 1981ལོར་དབྱིན་ཇི་ནས་ཆབ་སྲིད་རིག་པའི་འབུམ་རམས་པའི་གོ་མིང་ཐོབ། 1988ལོ་ནས་1994ལོའི་བར། ཨོ་སི་ཁྲུ་ལི་ཡའི་མུར་ཏོ་ཁེ་སློབ་ཆེན་(Murdoch University)ཨེ་ཤ་ཡ་ཞིབ་འཇུག་ཚན་ཁག་ཏུ་ལས་ཀར་ཞུགས་པ་དང༌། ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་གྱི་འགན་བཞེས། 1994ལོ་ནས་བཟུང་སེད་ནེ་ཚན་རྩལ་སློབ་ཆེན་དུ་ཕེབས་ནས་དེར་རྒྱལ་སྤྱི་ཞིབ་འཇུག་སློབ་གླིང་བཙུགས་པ་མ་ཟད། དེའི་གླིང་གཙོ་དང་དགེ་རྒན་ཆེན་མོའི་འགན་བཞེས། ཕྱིས་སུ་སེད་ནེ་སློབ་ཆེན་གྱི་རྒྱལ་སྤྱི་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོར་གྱུར། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་ཀྲུང་གོའི་ཆབ་སྲིད་དང༌། ས་ཁུལ། ཞིང་ཆེན་སོགས་ཀྱི་སྐོར་ཡིན། བརྩམས་ཆོས་སུ་དེབ་བཞི་བཅུ་ལྷག་དང་དཔྱད་རྩོམ་བརྒྱ་ལྷག་ཡོད། དེ་དག་གི་ཁྲོད་བོད་རིག་པ་དང་འབྲེལ་ཡོད་ཀྱི་སྐོར་ནི། 2004ལོར་སྤེལ་བའི་མཚོ་སྔོན་དང་ཀྲུང་གོ་ནུབ་ཕྱོགས་ཁུལ་མི་རིགས་དང་ས་ཁུལ་འབྲེལ་བ་ཞེས་པ་དང༌། 2005ལོར་ཀྲུང་གོའི་ནུབ་བྱང་ཁུལ་གྱི་གླ་ཕོགས་དང་དཔལ་འབྱོར། 2004ལོར་དཔེ་སྐྲུན་བྱས་པའི་ཀྲུང་གོ་ནུབ་ཕྱོགས་ཀྱི་སྒོ་དབྱེ་ལས་འགུལ་ཞེས་པ་སོགས་ཡོད།
      ཁོ་ཁེ།(Susette Cooke) འབུམ་རམས་པ། སེད་ནེ་ཚན་རྩལ་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཡིན།
      1974ལོར་གཞུང་བཙུགས་སློབ་ཆེན་ནས་ཞིབ་འཇུག་སློབ་མ་ཐོན། 1978-1980ལོའི་བར་པེ་ཅིང་དུ་སློབ་སྦྱོང་བྱས། 1993ལོར་སེད་ནེ་སློབ་ཆེན་ནས་འབུམ་རམས་པའི་གོ་མིང་ཐོབ། ཞིབ་འཇུག་གི་ཁ་ཕྱོགས་ནི་རྒྱ་བོད་འབྲེལ་བ་དང༌། བོད་ལྗོངས་ཁུལ་གྱི་གྲངས་ཉུང་མི་རིགས། ཀྲུང་གོའི་ཆོས་ལུགས་སྲིད་ཇུས་བཅས་ཀྱི་སྐོར་ཡིན། ཁོ་མོས་དེང་སང་ཞིབ་འཇུག་བྱེད་བཞིན་པ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཞེས་པའི་རྣམ་གྲངས་དེ་ཡིན་པ་དང༌། དེ་ནི་དུས་ཡུན་ལོ་གསུམ་གྱི་ནང་ཚར་དགོས་པ་ཞིག་དང༌། དེའི་དམིགས་ཡུལ་ནི་ཡུན་ནན་དང་མཚོ་སྔོན་གཉིས་ལ་བརྟག་དཔྱད་བྱས་པ་བརྒྱུད་ནས་ཀྲུང་གོ་འཕེལ་རྒྱས་ཁྲོད་ཀྱི་ཆོས་ལུགས་དང་མི་རིགས་ཀྱི་གནད་དོན་ཤེས་རྟོགས་བྱ་ཆེད་རེད། བརྩམས་ཆོས་སུ་2003ལོར་སྤེལ་བའི་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཀྱི་བོད་ཀྱི་རིག་གནས་ཞེས་པ་དང༌། བོད་རང་སྐྱོང་ལྗོངས་ཁུལ་གྱི་ནུབ་ཕྱོགས་ཐོན་འབྱེད་ཆེན་མོ། 2009ལོར་སྤེལ་བའི་སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་ཀྱི་ཆོས་ལུགས་དོ་དམ་ཞེས་པ་སོགས་ཡོད།
      དགེ་རྒན་ཆེན་མོ་ཀར་ཧྥིལ་ཏི།(Jay L Garfield) ཁོང་ནི་1955ལོར་འཁྲུངས། ད་ལྟ་ཨ་རིའི་སི་མེ་སི་སློབ་གླིང་(smithcollege)གི་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོ་ཡིན་པ་མ་ཟད། ཨ་རིའི་མཱ་ས་ཆོ་སེ་ཐེ་སེ་སློབ་ཆེན་དང༌། (University of Massachusetts) ཨོ་སི་ཁྲུ་ལི་ཡའི་མོར་པན་སློབ་ཆེན། ཐཱ་སེ་མཱ་ནེ་ཡ་སློབ་ཆེན། རྒྱ་གར་སཱར་ནཱ་སེ་མཐོ་རིམ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡང་ཡིན། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་རྒྱ་གར་དང་བོད་ཀྱི་དབུ་མའི་ལྟ་བ་དང་རྗེ་ཙོང་ཁ་པའི་སྐོར་ཡིན། ད་ལྟ་རྒྱ་གར་དུ་ཞིབ་འཇུག་གི་རྣམ་གྲངས་མང་པོ་སྤེལ་བཞིན་ཡོད། ཁོང་གི་བརྩམས་ཆོས་སུ་1995ལོར་དཔེ་སྐྲུན་བྱས་པའི་དབུ་མ་རྩ་བ་དང༌། 2002ལོར་དཔེ་སྐྲུན་བྱས་པའི་སྟོང་ཉིད་ལྟ་བ། དགེ་བཤེས་ངག་དབང་བློ་ལྡན་དང་མཉམ་དུ་བསྒྱུར་བ་དང་2006ལོར་དཔེ་སྐྲུན་བྱས་པའི་བྱང་ཆུབ་ལམ་རིམ་ཆེན་མོས་གཙོས་པའི་དེབ་བཅུ་དང་དཔྱད་རྩོམ་བརྒྱ་ལྷག་ཡོད།
      བསོད་ནམས་ཐར་ཆོས། འབུམ་རམས་པ། 2002ལོར་ཐ་སེ་མཱ་ནེ་ཡ་སློབ་ཆེན་ནས་འབུམ་རམས་པའི་གོ་མིང་ཐོབ། ད་ལྟ་སློབ་གྲྭ་འདིའི་མཚན་ཉིད་རིག་པ་ཚན་ཁག་ཏུ་གྲུབ་མཐའ་སློབ་ཁྲིད་གནང་བཞིན་ཡོད། ཁོང་ནི་རྒྱ་གར་དུ་ལོ་དགུ་ཙམ་ཆོས་ལུགས་སློབ་སྦྱོང་བྱེད་མྱོང་ཡོད་ལ། བརྩམས་ཆོས་སུ་2007ལོར་དཔེ་སྐྲུན་བྱས་པའི་བདེན་གཉིས་ཀྱི་རྩོད་པ་ཞེས་པ་དང༌། དཔྱད་རྩོམ་རྗེ་ཙོང་ཁ་པའི་དབུ་མའི་ལྟ་བའི་ཁྲོད་ཀྱི་ཀུན་རྫོབ་བདེན་པ་ཞེས་པ་སོགས་ཡོད།
      པི་ཤོབ།(peter Bishop) འབུམ་རམས་པ། ཨོ་ལྷོ་སློབ་ཆེན་(University of SouthAustralia)གྱི་དགེ་རྒན་ཡིན། 1989ལོར་ཨོ་སི་ཁྲུ་ལི་ཡའི་ཁོན་ཧྲི་ལན་སློབ་ཆེན་ནས་འབུམ་རམས་པའི་གོ་མིང་ཐོབ། གཙོ་བོ་རིག་གནས་དར་འཕེལ་སྐོར་ཞིབ་འཇུག་བྱེད་ཀྱི་ཡོད། ཁོང་གི་བརྩམས་ཆོས་སུ་1989ལོར་ཨ་རི་ནས་དཔེ་སྐྲུན་བྱས་པའི་ནུབ་ཕྱོགས་པའི་ཟིན་ཐོའི་ནང་གི་བོད་ལྗོངས་ཞེས་པ་དང༌། 1993ལོར་དབྱིན་ཇི་ནས་དཔེ་སྐྲུན་བྱས་པའི་བོད་ཀྱི་ཆོས་ལུགས་དང་ནུབ་ཕྱོགས་པའི་ལྟ་སྟངས་ཞེས་པ་སོགས་ཡོད།
      མར་ཁེ་སེ་ཏི་འོན་སོན།(Mark Stevenson) འབུམ་རམས་པ། ཁོང་ནི་ཨོ་སི་ཁྲུ་ལི་ཡའི་མོར་པན་སློབ་ཆེན་ནས་མི་རིགས་རིག་པའི་འབུམ་རམས་པ་ཐོན་པ་ཡིན། ད་ལྟ་མོར་པན་གྱི་ཝེ་ཏོ་རི་ཡ་སློབ་ཆེན་གྱི་ཨེ་ཤ་ཡ་དང་རྒྱལ་སྤྱི་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཡིན། ཁོང་གིས་གཙོ་བོ་དེང་རབས་བོད་ལྗོངས་དང་ཨེ་ཤ་ཡ་གླིང་གི་སྐོར་ཞིབ་འཇུག་བྱེད་བཞིན་ཡོད། བརྩམས་ཆོས་ཀྲུང་གོ་གསར་པར་བོད་ལྗོངས་རྙིང་པ་འཚོལ་བ་ཞེས་པའི་ནང་རེབ་གོང་གི་སྒྱུ་རྩལ་དང་ཀྲུང་གོའི་རིག་གནས་སྲིད་ཇུས་སྐོར་གླེང་ཡོད།
      ལན་སེ་ཨེ་ཁེལ་སེ།(Lance Eccles) འབུམ་རམས་པ། སེད་ནེ་སློབ་ཆེན་ནས་འབུམ་རམས་པ་ཐོན་པ་དང༌། ད་ལྟ་མིལ་ཁུ་རི་(Milcquarie University)སློབ་ཆེན་གྱི་རྒྱལ་སྤྱི་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཡིན། ཁོང་དེ་སྔོན་པེ་ཅིང་སློབ་གྲྭ་ཆེན་མོར་རྒྱ་ཡིག་སློབ་སྦྱོང་བྱེད་མྱོང་ཡོད་པ་དང༌། བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་དབྱིན་ཡིག་ཏུ་བསྒྱུར་མྱོང་ཡོད་པ་རེད།
དེ་ལེ་ཧྥེ་སེ། ཁོང་གི་ལོ་རྒྱུས་མི་གསལ་ཡང་རྒྱ་ཡིག་ཏུ་བསྒྱུར་བའི་ཕྱི་རྒྱལ་བོད་རིག་པ་ཞིབ་འཇུག་གི་སྒྱུར་རྩོམ་ཕྱོགས་སྒྲིག་གི་ནང་དུ་དེ་སྔོན་ཁོང་གི་རྩོམ་ཡིག་གཅིག་བསྒྱུར་ཡོད་པའི་ཁ་བྱང་ནི། བོད་བརྒྱུད་ནང་བསྟན་ཤེས་རྟོགས་རྣམ་བཤད་ཁྲོད་ཀྱི་ཚོར་སྣང་དང་ཚོར་དབང་གི་སྐོར་ཞེས་འཁོད། དེའི་ནང་རྗེ་ཙོང་ཁ་པས་གཙོས་པའི་བོད་ཀྱི་དབུ་མ་བ་དང༌། བསམ་བློ་བ། མཚན་ཉིད་རིག་པ་སྨྲ་བ་སོགས་ཀྱི་རྩོད་གཞི་དང༌། དེ་དག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་བརྗོད་ཡོད།[13]
ལྔ་པ། ནེའུ་ཙི་ལན་གྱི་བོད་ཤེས་རིག་ཞིབ་འཇུག་གི་ཚན་པ་དང་མི་སྣ་གཙོ་གྲས་ཁག་གི་སྐོར།
      ནེའུ་ཙེ་ལན་ནི་མི་འབོར་ས་ཡ་གསུམ་ལྷག་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང༌། རྒྱལ་ཡོངས་སུ་གཞུང་བཙུགས་སློབ་ཆེན་བརྒྱད་ཡོད། ནེའུ་ཙེ་ལན་དང་ཨོ་སི་ཁྲུ་ལི་ཡ་གཉིས་འབྲེལ་བ་ཡོད་ཙང་རྟག་ཏུ་ཕན་ཚུན་རིག་གཞུང་བགྲོ་གླེང་བྱེད་ཀྱི་ཡོད་ལ། གོང་ཞུས་དགེ་རྒན་ཆེན་མོ་སཱ་མོལ་ལ་སོགས་པ་མང་པོས་ཀྱང་དེ་སྔོན་རྒྱལ་ཁབ་གཉིས་ཀའི་སློབ་ཆེན་ནང་སློབ་ཁྲིད་བྱེད་མྱོང་ཡོད་པ་རེད། 1974ལོར་ནེའུ་ཙེ་ལན་དུ་ཨེ་ཤ་ཡ་ཞིབ་འཇུག་ཚོགས་པ་(NZASIA)བཙུགས་པ་དང༌། 1999ལོར་ཨེ་ཤ་ཡ་ཞིབ་འཇུག་ཅེས་པའི་དུས་དེབ་གཉེར། ཞིབ་འཇུག་མི་སྣ་གཙོ་བོ་ནི།
      གབ་རི་ཆ་ཧྥེར།(Dr Gabricle Schafer) འབུམ་རམས་པ། འཇར་མན་གི་ཨལ་བེར་ཐེ་ལུད་ཝིག་སློབ་ཆེན་ནས་མི་རིགས་རིག་པ་ཆེད་ལས་ཀྱི་འབུམ་རམས་པ་ཐོན། ད་ལྟ་ཨོ་ཁེ་ལན་སློབ་ཆེན་གྱི་དགེ་རྒན་ཡིན། གཙོ་བོ་མི་རིགས་འབྲེལ་བ་དང༌། ཆོས་ལུགས་སྐོར་ཞིབ་འཇུག་བྱེད་བཞིན་ཡོད་པས་དེ་སྔོན་རྒྱ་གར་དང་བལ་པོའི་ཁུལ་གྱི་བོད་རིགས་ཁྱིམ་ཚང་ཞེས་པའི་ཞིབ་འཇུག་རྣམ་གྲངས་ཤིག་སྤེལ་མྱོང་ཡོད། བོད་རིག་པའི་སྐོར་ཁོ་མོས་2008ལོར་རྒྱལ་ཕྱིའི་བོད་རིགས་ཞེས་པ་དང༌། 2010ལོར་རིག་གནས་མི་གཅིག་ཁྲོད་ཀྱི་ཕོ་མོའི་འབྲེལ་བ་ཞེས་པ་ཞིག་དཔེ་སྐྲུན་བྱས་ཡོད།
      དོབ་སོན།(ElaineDobson) ཁོང་ནི་ཁན་ཐེ་པོའོ་ལེ་སློབ་ཆེན་གྱི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཡིན་ཞིང༌། གཙོ་བོ་བོད་དང་འབྲུག་པ་སོགས་ཀྱི་རོལ་དབྱངས་དང་རོལ་ཆའི་སྐོར་ཞིབ་འཇུག་བྱེད་ཀྱི་ཡོད། བརྩམས་འབྲས་ནི་རྒྱ་གར་བོད་རིགས་ཁུལ་གྱི་རོལ་མོ་ཞེས་པ་དང༌། བོད་ཀྱི་སྒྲ་སྙན་ཞིབ་འཇུག་ཅེས་པ་སོགས་དཔྱད་རྩོམ་མང་པོ་སྤེལ་མྱོང་ཡོད་པ་རེད།
དགེ་རྒན་ཆེན་མོ་ཧར་རི་སོན།(Paul Harrison) 1980ལོར་ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་ནས་འབུམ་རམས་པ་ཐོན་པ་དང༌། ཁོང་གི་མཛུབ་སྟོན་དགེ་རྒན་ནི་ཧོ་ལན་གྱི་བོད་རིག་པ་མཁས་ཅན་དེ་ཇོང་ཞེས་པ་དེ་ཡིན། ནེའུ་ཙེ་ལན་གྱི་ཁན་ཐེ་པོའོ་ལེ་སློབ་ཆེན་གྱི་ཆོས་ལུགས་ཚན་ཁག་ཏུ་དགེ་རྒན་ལོ་ཉི་ཤུ་བྱས་རྗེས། 2007ལོར་ཨ་རིའི་སེ་ཐན་ཧྥུ་སློབ་ཆེན་ཆོས་ལུགས་ཚན་ཁག་གི་དགེ་རྒན་ཆེན་མོར་གྱུར། འཇར་མན་གྱི་ཧུམ་བོལ་སློབ་ཆེན་(the Humboldt University)གྱི་དགེ་རྒན་ཐོ་ནི་ཧུ་བེར་(Toni Huber)ནི་ཁོང་གི་སློབ་མ་ཡིན་ཞིང༌། 1993ལོར་ཁན་ཐེ་པོའོ་ལེ་སློབ་ཆེན་ནས་ཆོས་ལུགས་རིག་པའི་འབུམ་རམས་པ་ཐོན་རྗེས། སྤྱི་ལོ་1999ལོ་ནས་2003ལོའི་བར་ནེའུ་ཙེ་ལན་གྱི་ཝེ་ཁེ་ཐོ་རི་(Victoria Utriversity)སློབ་ཆེན་ཆོས་ལུགས་ཚན་ཁག་ཏུ་དགེ་རྒན་བྱས། ཧ་རི་སོན་གྱི་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་བརྒྱུད་ནང་བསྟན་ཡིན་པ་དང༌། གཙོ་བོ་ཡིག་ཚང་གི་སྐོ ར་ཞིབ་འཇུག་བྱེད་ཀྱི་ཡོད།
      ཐོ་ནེ་ཧོ་བྷོར། དེའི་བརྩམས་ཆོས་སུ་དུས་རབས་བཅུ་གཅིག་གི་ནང་བོད་དུ་དར་བའི་རྒྱ་གར་གྱི་ཚ་ཚ་ཞེས་པ་ཡོད་པ་དེའི་ནང་1987ལོར་ལྷ་སའི་བྲག་ཡེར་པའི་མཆོད་རྟེན་ཞིག་ནས་ཐོན་པའི་གནའ་བོའི་ཚ་ཚ་གཉིས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་པ་བྱས་ཡོད། རྩོམ་འདིའི་ནང་བོད་དུ་དུས་རབས་བཅུ་གཅིག་གོང་གི་ཚ་ཚ་ནི་མངའ་རིས་ཀྱི་མཐོ་གླིང་དགོན་དང༌། གཞིས་རྩེའི་ཞཱ་ལུ་དགོན། ལྷ་སའི་བྲག་ཡེར་པ་གསུམ་ནས་རྙེད་ཡོད་པ་དང༌། དེ་དང་ཇོ་བོ་རྗེ་བོད་དུ་ཕེབས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་ཚུལ་གསུངས་ཡོད་ལ། སྐབས་དེ་དུས་ཀྱི་མཆོད་རྟེན་དང༌། ཚ་ཚ་སོགས་རིག་དངོས་བརྒྱུད་ནས་ང་ཚོས་དུས་རབས་བཅུ་གཅིག་པའི་གོང་དུ་རྒྱ་གར་གྱི་ཆོས་ལུགས་རིག་གནས་བོད་དུ་དར་འཕེལ་བྱུང་ཚུལ་དང༌། ཐོག་མའི་རྣམ་པ་སོགས་ཤེས་རྟོ གས་ཐུབ་ཚུལ་གསུངས་ཡོད། [14]
      དཔྱད་གཞིའི་ཡིག་རིགས།
      [1] བློ་བཟང་ཡོན་ཏན། བོད་ཀྱི་ཤེས་རིག་ནུབ་ཕྱོགས་སུ་དར་ཚུལ་དང་རྗེན་སི་མི་སིའི་སྐོར་གླེང་བ།[J] མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012ལོའི་དུས་དེབ་དང་པོ།
      [2] ཀྲུའུ་ཝེ་ཧུང་། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་གྱི་བོད་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་ཚན་པ་དང་མི་སྣའི་གནས་བབས་ཞིབ་འཇུག [J] ཀྲུང་གོའི་བོད་ཀྱི་ཤེས་རིག 2010ལོའི་དུས་དེབ་གཉིས་པ།
      [3] ཧྥུང་ཀྲེན། ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་རགས་གླེང་། (1949-1978) [M] ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། 1979ལོར་དཔར།
      [4] མཱ་ཁེ་ལིང་གིས་བརྩམས། ལིའུ་མིང་ཤིན་གྱིས་བསྒྱུར། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་རིག་པ་ཞིབ་པ། [J] འཛམ་གླིང་མི་རིགས། 1997ལོའི་དུས་དེབ་གཉིས་པ།
      [5] མན་ཡེ། ཨོ་སི་ཁྲུ་ལི་ཡའི་བོད་རིག་པ་ཞིབ་འཇུག་གི་སྐོར་ངོ་སྤྲོད་མདོར་བསྡུས།[J] སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་སོགས་ནས་རྩོམ་སྒྲིག་བྱེད་པའི་ཕྱི་རྒྱལ་གྱི་བོད་རིག་པའི་གནས་བབས། དེབ་ལྔ་པ། ཤ83མཆན་འགྲེལ།
      [1] མཱ་ཁེ་པོའོ་ལོའོ། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་དབྱི་ཐ་ལིའི་ཡུལ་སྐོ ར་བ་གྲགས་ཅན་ཞིག་ཡིན། 1275ལོར། སྐབས་དེའི་ཡོན་རྒྱལ་རབས་ཀྱི་རྒྱལ་ས་པེ་ཅིང་དུ་སླེབས། ཀྲུང་གོར་སྡོད་རིང་གི་མི་ལོ་བཅུ་བདུན་རིང་། ཡུན་ནན་སོགས་ས་ཆ་མང་པོར་ཡུལ་སྐོར་དུ་ཕྱིན། 1295ལོར། རང་ཡུལ་དུ་ལོག་པ་དང་ཕྱིས་སུ་བཙོན་ཁང་དུ་ཚུད་རིང་ཉེ་གྲོགས་རྣམས་ལ་འཛམ་གླིང་ཤར་ཕྱོགས་ཀྱི་མཐོང་ཐོས་མང་པོ་བཤད་པས། སྐད་གྲགས་ཆེ་བའི་མཱ་ཁེ་པོའོ་ལོའོ་ཡི་ཟིན་ཐོ་ཟེར་བ་དེ་བྱུང་། དེའི་ནང་དུ་སྐབས་དེའི་ཀྲུང་གོའི་གནས་ཚུལ་མང་པོ་འཁོད་ཡོད་པས་ན་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གཙོ་གྲས་ཤིག་ཏུ་གྱུར།
      [2] བློ་བཟང་ཡོན་ཏན། བོད་ཀྱི་ཤེས་རིག་ནུབ་ཕྱོགས་སུ་དར་ཚུལ་དང་རྗེན་སི་མི་སིའི་སྐོ ར་གླེང་བ། [J] མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། 2012ལོའི་དུས་དེབ་དང་པོ།
      [3] རྒྱ་གར་ཤར་མའི་ཀུང་སི། (BEIC) 1600ལོར་དབྱིན་ཇིའི་རྒྱལ་མོའི་བཀའ་ལྟར་རྒྱ་གར་དུ་ཚོང་ལས་ཀྱི་དབང་ཆ་ཐོབ། རྒྱ་གར་ཤར་ཕྱོགས་སུ་ཚོང་ལས་ལོ་21གཉེར། ཕྱིས་སུ་ཚོང་ལས་ཙམ་མ་ཟད། རྒྱ་གར་སྲིད་དབང་གི་བདག་པོ་ལྟ་བུར་གྱུར། 1858ལོར། སྲིད་དོན་དབང་ཆ་མེད་པར་བཟོས་ཀྱང་སྲིད་གཞུང་དང་དམག་དོན་གྱི་རྒྱབ་སྐྱོར་བྱེད་མཁན་གཙོ་བོར་གྱུར།
      [4] ཀྲུའུ་ཝེ་ཧུང་། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་གྱི་བོད་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་ཚན་པ་དང་མི་སྣའི་གནས་བབས་ཞིབ་འཇུག[J] ཀྲུང་གོའི་བོད་ཀྱི་ཤེས་རིག 2010ལོའི་དེབ་གཉིས་པ།
      [5] འགྲོ་གྲོན་དེ་དག་ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་ཚོགས་པ་(ARC)བརྒྱུད་པས་བཏང་བ་དང་། དེ་ནི་1988ལོར་བཙུགས་པའི་ཞིབ་འཇུག་ལས་ཀའི་དོ་དམ་ལས་ཁུངས་ཤིག་ཡིན་ཞིང་། ལས་འགན་གཙོ་བོ་ནི་ཚན་རིག་ཞིབ་འཇུག་གི་ལས་ཀ་དང་། སློབ་གསོའི་ཞིབ་འཇུག་རྣམ་གྲངས་དོ་དམ་བྱེད་རྒྱུ་སོགས་ཡིན་པས་སློབ་ཆེན་ཁག་གི་ཚད་མཐོའི་ཞིབ་འཇུག་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས།
      [6] ཧྥངུ ་ཀྲེན། ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་རགས་གླེང་། (1949-1978)[M] ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། 1979ལོའི་དཔར། ཤ203
      [7] མན་ཡེ། ཨོ་སི་ཁྲུ་ལི་ཡའི་བོད་རིག་པ་ཞིབ་འཇུག་གི་སྐོར་ངོ་སྤྲོད་མདོར་བསྡུས།[J] སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་སོགས་ནས་རྩོམ་སྒྲིག་བྱེད་པའི་ཕྱི་རྒྱལ་གྱི་བོད་རིག་པའི་གནས་བབས། དེབ་ལྔ་པ། ཤ83
      [8] མཱ་ཁེ་ལིང་གིས་བརྩམས། ལིའུ་མིང་ཤིན་གྱིས་བསྒྱུར། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་རིག་པ་ཞིབ་འཇུག[J] འཛམ་གླིང་མི་རིགས་ཞེས་པའི་དུས་དེབ་ཀྱི་1997ལོའི་དེབ་གཉིས་པར་གསལ།
      [9] ཡང་ཧྥུ། ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་དཔེ་མཛོད་ཁང་དུ་བཞུགས་པའི་བོད་རིག་པའི་སྐོ ར་གྱི་ཡིག་ཚང་། [J]བོད་ལྗོངས་ཞིབ་འཇུག 2012ལོའི་དུས་དེབ་ལྔ་པ།
      [10] ཨ་རིའི་ཐང་མན་ཏི་ཞོའོ་ལོའོ་ཧྥེ་ཙེས་བརྩམས། ཏུའུ་ཡོང་པེང་གིས་བསྒྱུར། ཨ་རི་བྱང་རྒྱུད་དུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བྱེད་ཚུལ། [M] རྒྱལ་ཕྱིའི་བོད་རིག་པ་ཞིབ་འཇུག་གི་སྒྱུར་ཡིག་དཔེ་ཚོགས། དེབ་བཅུ་བདུན་པར་བཀོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004ལོའི་དཔར།
      [11] 2008北京藏学讨论会综述[J].中国藏学,2009(1).
      [12] ས་མུལ་གྱིས་བརྩམས། ཡན་ཡུས་ལིན་གྱིས་བསྒྱུར། གླིང་གེ་སར།—བོད་པའི་སྤྱི་ཚོགས་སྟེང་གི་ས་མན་གྱི་སྟོབས་ཤུགས།[M] ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་གི་སྒྱུར་རྩོམ་ཕྱོགས་སྒྲིག་དེབ་བརྒྱད་པར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོའི་དཔར།
      [13] དེ་ལེ་ཧྥེ་སེ་ཡིས་བརྩམས། སུའུ་ཧྥ་ཤང་གིས་བསྒྱུར། བོད་བརྒྱུད་ནང་བསྟན་ཤེས་རྟོགས་སྨྲ་བའི་ཁྲོད་ཚོར་སྣང་དང་ཚོར་དབང་གི་སྐོར། [J] ཕྱི་རྒྱལ་བོད་རིག་པ་ཞིབ་འཇུག་གི་སྒྱུར་རྩོམ་ཕྱོགས་སྒྲིག་དེབ་བཅུ་དྲུག་པར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002ལོའི་དཔར།
      [14] ཐོ་ནེ་ཧོ་བྷོར་གྱིས་བརྩམས། ཀྲང་ཡན་གྱིས་བསྒྱུར། དུས་རབས་བཅུ་གཅིག་པའི་ནང་བོད་དུ་བྱུང་བའི་རྒྱ་གར་གྱི་ཚ་ཚ། [G] ཕྱི་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་སྒྱུར་རྩོམ་ཕྱོགས་སྒྲིག དེབ་བཅུ་གཉིས་པར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1995ལོའི་དཔར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1