༄༅།།ཞོགས་ཇ་མ་འཐུང་ན་ལུས་ལ་གནོད་པ་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-29



        ང་ཚོ་ཞིང་གྲོང་ནས་སྐྱེས་ཤིང་ཞིང་གྲོང་ནས་ནར་སོན་པའི་མི་རྣམས་ལ་མཚོན་ན། བག་ཆགས་ཀྱི་དབང་གིས་ཉིན་གཅིག་གི་ཟས་ཐུན་གསུམ་པོའི་ཁྲོད་ཆས་གལ་ཆེ་བར་བརྩི་བ་ནི་ཞོགས་ཟས་དང་དགོང་ཟས་ཡིན་ལ། དེ་ནི་མི་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་ཞོགས་ཟས་འགྲངས་ཐག་ཆོད་པ་ཞིག་མ་ཟོས་ཚེ། ཉིན་གང་བོར་ལས་ཀ་ལས་དགོས་པས་ལུས་སྟོབས་ཀྱིས་མི་ཐེག་པ་དང་། ཟས་ཞིམ་པོ་དགོང་ཟས་ལ་འཇོག་པ་དེ་ཡང་ཉིན་གང་བོར་ལས་ཀས་ཁོམ་ལོང་བྲལ་བས། དགོང་མོ་སེམས་ལྷོད་ལ་བབས་ནས་ཁ་ཟས་གཡོ་བ་དང་བཟའ་བ་སོགས་བྱེད་ཆོག་པས་ལོས་ཡིན་སྙམ་བྱུང་། གང་ལྟར་ཉིན་རྒྱུན་ཞོགས་པར་བཟའ་མི་གང་བོ་ཡར་ལངས་རྗེས། ཁྱིམ་བདག་མས་བཟའ་མི་གང་བོར་གོ་རེ་སླང་བཙོས་མ་དང་ཞོག་ཁོག་བཙོས་མ། ནས་ཕྱེ་གོ་རེ་སོགས་འཛོམས་ཚོད་ཀྱིས་བཟའ་བཏུང་ཕུན་སུམ་ཚོགས་པ་གཡོས་སྦྱོར་བྱས་ནས། བཟའ་གོ་ཁ་གང་བོ་ཅོག་ཙེ་གཅིག་ཏུ་རུབ་སྟེ་ནངས་ཇ་ཞིམ་པོར་རོལ་བ་ཡིན།

        དུས་ཀྱི་འཁོར་འགྲོས་བར་མེད་དུ་རྒྱུ་བར་བསྟུན། ང་ཚོ་ཚང་མ་སློབ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་དུ་འགྲིམས་པའི་གོ་སྐབས་སྨིན་པའི་ཁྲོད། ཡུལ་མི་གཉེན་ཉེ་དང་བྲལ་ཏེ་ས་ཐག་རིང་བོར་འགྲིམ་དགོས་བྱུང་ལ། དེ་ནས་བཟུང་ཕ་ཡུལ་གྱི་ནངས་ཇ་ཞིམ་པོ་འཐུང་བའི་གྲངས་ཀ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ཞིང་། དེ་ནས་བཟུང་ནངས་ཇ་འཐུང་བའི་རེ་ལྟོས་ཀྱང་ཆུང་དུས་བཞིན་ལྷས་ར་ནས་དཔེ་ཆ་བློར་སྐྱོར་ཞོར་ཨ་མས་ནངས་ཇ་འཐུང་གིན་ཤོག་ཅེས་པའི་འབོད་བརྡ་གཏོང་བར་རེ་ཞིང་བསྒུགས་བསྡད་པ་ཞིག་མིན་པར། སློབ་གྲྭའི་ཇ་ཁང་དུ་འབྲས་ཐུག་དང་སྲན་ཁུ་སོགས་འཐུང་བར་གོམས་ཁུལ་བྱས་ཤིང་། སྐབས་འགར་ཆུ་ཁོལ་ཇ་ཕོར་གང་རེ་འཐུངས་རྗེས་ནངས་ཇའི་ཚབ་བྱས་པ་ཡིན། སློབ་མཐར་ཕྱིན་རྗེས་བྱ་བར་ཞུགས་པ་ནས་རང་ཉིད་ཀྱང་ཁྱིམ་བདག་མར་གྱུར་བའི་དུས་དེ་རིང་། དཔལ་འབྱོར་གྱི་འཕེལ་ཁ་དར་ཞིང་འཚོ་བའི་ཆ་རྐྱེན་སྔར་ལས་ལྡབ་འགྱུར་གྱིས་བཟང་ནས་བཟང་དུ་ཕྱིན་པ་མིག་མཐོང་ལག་ཟིན་དུ་ཡོད་ལ། དེ་བཞིན་དུ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་ཚད་ཀྱང་སྔར་ལས་བྲེལ་འཚུབ་ཀྱིས་ཁེངས་པའང་སྨོས་མེད་རེད། དེ་བས་བདག་ཀྱང་དེ་ལས་མ་འདས་པས། ངའི་ཨ་མ་བཞིན་ནངས་སྔ་མོར་ཞོགས་ཇས་གཡོས་སྦྱོར་བྱེད་པ་ཁོ་ནར་བྲེལ་ཁོམ་མེད་ལ། ཡོད་ཀྱང་བཟའ་མི་གང་བོ་མཉམ་དུ་འཛོམས་ནས་ནངས་ཇ་ཞིམ་པོ་ཞིག་ལྷོད་ཀྱིག་གེར་འཐུང་ཁོམ་ག་ལ་ཡོད་དེ། སྐྱ་རེངས་གསལ་མ་ཐག་རང་ཉིད་ཐོག་མར་ཡར་ལངས་རྗེས་བྱིས་པར་སློབ་གྲྭར་འགྲོ་རན་སོང་ཞེས་ཡང་ཡང་འབོད་པ་དང་། བྱིས་པ་དང་མཉམ་དུ་ཚོང་ཁང་ལས་ཉོས་པའི་གོ་རེ་དང་འོ་མ་སོགས་འགན་བབ་ཀྱི་ཚུལ་དུ་འཐུངས་རྗེས། སློབ་ཁྲིད་ཀྱི་རྗེས་ཆོད་དགོས་པ་དང་ལས་ཀའི་རྗེས་སུ་ལུས་མི་རུང་ཞེས་རང་རང་སར་བརྒྱུག་དགོས། སྐབས་འགར་དེ་འདྲའི་སྔ་མོ་ཞིག་ནས་ཟས་ཀྱི་ཡི་གའང་མེད་པས། ནངས་ཇ་འཐུང་བའི་གོམས་སྲོལ་དེ་ཡང་བསྒྱུར་ཏེ་ནངས་ཇའི་དུས་ལ་ནངས་ཇ་མི་འཐུང་བའི་གྲངས་ཀ་ཡང་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། རིམ་བཞིན་གོམས་ལོབས་སུ་གྱུར་ཏེ། གྲོད་པ་ལྟོགས་ནས་སྲོན་མི་ཐུབ་པའི་སྐབས་སུ་ད་གཟོད་གོ་རེ་ཉུང་ཙམ་ཟོས་པ་ཡིན། དེ་ལྟར་ལོ་ངོ་ཁ་ཤས་འགོར་བ་ན། ཕོ་བའི་འཇུ་སྟོབས་མི་བཟང་བ་དང་མཁྲིས་རྡོ་ཆགས་པ་སོགས་ནད་ཡམས་ཀྱང་ཇེ་མང་ནས་ཇེ་མང་ཡིན་ལ། སྨན་པར་སྟོན་ཐེངས་རེར་བཟའ་བཏུང་གི་ཐད་ནས་མཉམ་འཇོག་གང་ལེགས་བྱེད་དགོས་ཚུལ་དང་། ནངས་ཇ་དུས་ལྟར་འཐུང་དགོས་པའི་རྒྱུ་མཚན་གང་མང་བཤད་བྱུང་ལ། ནམ་རྒྱུན་ནངས་ཇ་མ་འཐུང་བའི་གནོད་སྐྱོན་དངོས་སུ་མྱོང་བ་དང་ཆབས་ཅིག རང་གི་ཉེ་འཁོར་དུ་མི་གང་མང་ཞིག་གིས་ནངས་ཇ་དུས་ལྟར་འཐུང་གིན་མེད་པ་དང་། རང་ཉིད་སློབ་ཆེན་འགྲིམས་སྐབས་སློབ་གྲོགས་མང་པོ་ཞིག་གིས་ནངས་ཇ་འཐུང་བར་དོ་སྣང་མི་བྱེད་པའི་སྣང་ཚུལ་ཡིད་ལ་འཁོར་འོང་བས། ནངས་ཇ་མི་འཐུང་བའི་གནོད་སྐྱོན་ཆེན་པོ་བཅུ་གཤམ་དུ་བཀོད་པ་ལགས།



01ཚོ་གསོག་སླ་བ།

02བུད་མེད་ཀྱི་བཞིན་མདངས་ལ་གནོད་པ།


03རྒས་སླ་བ།

04རྩ་སྐམ་པ།

05འཚོ་བཅུད་དོ་སྙོམས་མ་ཡོང་བར་ལུས་ཁམས་ཀྱི་འགོག་སྟོབས་ནུས་པ་ཇེ་གཉོམ་དུ་འགྱུར་བ།

06མཁྲིས་རྡོ་ཆགས་པ།

07འཇུ་ལམ་གྱི་ནད་གཞི་བསླང་བ།

08ཀླད་ཤུགས་ལ་གནོད་པ།

09གཅོང་ནད་འབྱུང་སླ་བ།

10སྙིང་རྩ་འགགས་པའི་ནད་འབྱུང་སླ་བ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1