ཁྱད་ལྡན་ཐོན་རྫས་ཕྱི་རུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-09


——ཆབ་མདོའི་ཐོན་ལས་དབུལ་སྐྱོར་གྱི་མཐོང་ཐོས།

         ཐོན་ལས་དབུལ་སྐྱོར་ནི་ས་ཁུལ་དབུལ་པོའི“རང་བརྟེན”ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན་ལ། དབུལ་ཕོངས་མང་ཚོགས་ས་གནས་དེ་གར་ལས་ཞུགས་བྱེད་པར་རོགས་རམ་བྱས་ཏེ་དབུལ་ཕོངས་ལས་སྒྲོལ་བའི་ཡུན་རིང་གི་ཐབས་ཇུས་དང་རྩ་བའི་ཐབས་ལམ་དུ་གྱུར་ཡོད། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་མང་ཚོགས་དབུལ་པོ་ས་ཆ་དེ་གར་དབུལ་སྒྲོལ་དང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱས་ཡོད། 
        སྨར་ཁམས་རྫོང་སྔོ་ལྗང་ཞིང་ཞོར་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་པ་ན་ས་གནས་དེ་གའི་གྲོང་མི་ཁག་ཅིག་གིས་ནས་ཀྱི་བག་ལེབ་དང་རྩམ་པའི་ བཅུད་ཟས་སོགས་ཀྱི་ཐོན་རྫས་ལས་སྣོན་དང་ཐུམ་ཆུང་རྒྱག་བཞིན་ཡོད་པ་རེད། 
འདི་ནི་གྲོང་མི་ཚོས་ནས་ཀྱི་བག་ལེབ་ལ་ཐུམ་ཆུང་རྒྱག་བཞིན་པ་རེད། 
        ནས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་འབྲུ་རིགས་ ཡིན་མོད། དུས་ཡུན་རིང་པོའི་ནང་ནས་ཕྱེ་འཐག་ནས་རྩམ་པ་བཟོ་པ་ལས་དེའི་ཟུར་སྣོན་རིན་ཐང་དེ་ཙམ་མཐོན་པོ་མེད་པས། ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དཀའ་བ་རེད། 
        “ང་ཚོས་ནས་ཀྱི་ཐོན་ཁུངས་སྤྱད་དེ་ནས་རྒྱུ་ཆ་བྱས་པའི་བཟའ་བཅའ་གསར་སྤེལ་ཐོན་ལས་གོང་འཕེལ་བཏང་ནས་ནས་ཀྱི་ཟུར་སྣོན་རིན་ཐང་གཙོ་གནད་ཐོག་མཐོ་རུ་བཏང་སྟེ། ཞིང་པ་དེ་བས་མང་པོ་སྣེ་ཁྲིད་དེ་འབབ་འཕར་ཡོང་བ་བྱེད་དགོས”ཞེས་སྔོ་ལྗང་ཞིང་ཞོར་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ངག་དབང་བསྟན་རྒྱས་ཀྱིས་དེ་སྐད་ཟེར། 
སྔོ་ལྗང་ཞིང་ཞོར་ཐོན་རྫས་ལས་སྣོན་ཕྱིར་འཚོང་རྣམ་གྲངས་ཐོན་སྐྱེད་བྱས་པ་ནས་བཟུང་། ཐོན་སྐྱེད་དང་ལས་སྣོན། ཞབས་ཞུ། ཕྱིར་འཚོང་བཅས་ཀྱི་ལས་རིམ་ཁག་ཏུ་ཁེ་ཕན་མཉམ་འབྲེལ་གྱིས་ཞིང་པར་ཞབས་འདེགས་ཞུས་བ་དང་། ཀུང་སི་དང་ཞིང་དུད་བར་ཐོན་རྫས་ཕྱིར་འཚོང་འགན་ལེན་གྱི་གན་བཞག་ནས། ཞིང་པའི་ནས་ཀྱི་ཚོང་ལམ་གྱི་གནད་དོན་འགན་སྲུང་བྱས་ཡོད་པ་རེད། 
འདི་ནི་ནས་ཀྱི་བག་ལེབ་ཐུམ་ནང་བླུགས་བཞིན་པ་རེད། 
        “ཀུང་སིས་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས་ས་གནས་དེ་གའི་མང་ཚོགས་གྱི་འབྲུ་ལྷག་ལ་འཚོང་ལམ་ཡོད་པར་གྱུར་པ་དང་། ས་གནས་དེ་གའི་ངལ་ནུས་ལྷག་མ་དག་ལ་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་བྱས་ཡོད”ཅེས་ངག་དབང་བསྟན་འཛིན་གྱིས་སྔོ་ལྗང་ཀུང་སིས་རིམ་རྩིས་བྱས་ན་ས་གནས་དེ་གའི་ནས་ཏུན་2000ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་ལོ་རེར་ལས་མི་བསྡུ་གྲངས་མི་ཐེངས300ལྷག་ཙམ་ཟིན་གྱི་ཡོད་ལ། ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར38000ཟིན་པ་དང་ད་ལོར་ཀུང་སིས་ས་གནས་དེ་གའི་ནས་ཏུན200ལྷག་ཙམ་ཉོ་སྒྲུབ་བྱས་ཡོད། 
        ནས་ཀྱི་བག་ལེབ་དང་རྩམ་པའི་བཅུད་ཟས་སོགས་ནས་ཀྱི་ཐོན་རྫས་བོད་རང་སྐྱོང་ལྗོངས་ནས་ཕྱི་རུ་བསྐྱོད་དེ། མི་དེ་བས་མང་བར་ནས་ཀྱི་བྲོ་བ་མྱོང་དུ་བཅུག་པས་སྨར་ཁམས་རྫོང་གི་ཞིང་པས་ནས་ཀྱི་བྲོ་བ་ལ་བརྟེན་ནས་དབུལ་སྒྲོལ་འབབ་འཕར་བྱུང་ཡོད། 
འདི་ནི་སྔོ་ལྗང་ཞིང་ཞོར་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྔོ་ལྗང་རྩམ་པའི་བཅུད་ཟས་རེད། 
        ཐོན་ལས་དབུལ་སྐྱོར་གྱིས་ས་གནས་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་རྒྱུ་ནི་གནད་འགག་རེད། 
        སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་ཐང་རྒྱལ་རབས་སྐབས་སུ་བོད་ནས་འཇང་ལ་སྐྱོད་པའི་ལམ་གཙོ་བོ་ཡིན་ལ། ཡུན་ནན་གྱི་ཇ་བོད་ལྗོངས་སུ་དབོར་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། དུས་རབས19པའི་རྒུན་ཆང་དང་རྒུན་ཆང་སྙོལ་བཟོ་ལག་རྩལ་གནམ་བདག་ཆོས་ལུགས་དང་མཉམ་དུ་གནས་འདིར་དར་བ་ཡིན་ལ། དུས་དེ་ནས་བཟུང་ས་གནས་དེ་གའི་མང་ཚོགས་ལ་རྒུན་འབྲུམ་འདེབས་པ་དང་རྒུན་ཆང་བསྙལ་བའི་གོམས་གཤིས་ཆགས་ཡོད་པ་རེད། 
        2009ལོར། བོད་རང་སྐྱོང་ལྗོངས་ཀྱི་རྒུན་ཆང་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཐོག་མ་སྟེ་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སི་འཇང་མི་རིགས་ཤང་དུ་དངོས་སུ་བཙུགས་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྒུན་ཆང་བཟོ་འགོ་ཚུགས་ཤིང་། དེ་དང་ཆབས་ཅིག་རྒུན་འབྲུམ་ཐོན་ཁུལ་གྱི་གངས་ཆུའི་འབྱུང་རྩ“བདག་དམར་གཡང”ཞེས་པའི་གངས་རིའི་མིང་བཏགས་པ་རེད། 
འདི་ནི་བདག་དམར་གཡང་རྒུན་འབྲུམ་ཨ་རག་རིགས་ཀྱི་ཐོན་རྫས་རེད། 
        2009ལོ་ནས་བཟུང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་ཀུང་སིའི་འབད་བརྩོན་བྱས་པར་བརྟེན་ནས།   བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིའི་ཐོན་རྫས་རིན་ཐང་ལོ་ལྟར་ལྡབ་འཕར་བྱུང་ཡོད། ཐོན་ཚད2009ལོའི་ཏུན་7ནས་2019ལོའི་ཏུན410བར་བརྒལ་བ་དང་། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི3350ཟིན་ཡོད་ཅིང་། ཐོན་ཚད་འཕར་སྣོན་བྱུང་བ་དང་ཆབས་ཅིག་རྒྱུ་སྤུས་སྔར་ལས་ཇེ་བཟང་དུ་སོང་།  2017ལོའི་ཟླ་3པར“ཨེ་ཤེ་ཡའི་རྒུན་ཆང་སྤུས་ཚད་འགྲན་བསྡུར་ཆེ་མོའི”གསེར་གྱི་བྱ་དགའ་ཐོབ་ནས་རྒྱལ་སྤྱིའི་ཁས་ལེན་ཐོབ་ཡོད། 
        2016ལོའི་ཟླ5པར། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིས“བདག་དམར་གཡང་དབུལ་སྐྱོར་གཞུང་དོན་ཁང”བཙུགས་ནས“གནད་སྨིན་དབུལ་སྐྱོར”དང་ཐོན་ལས་ཅན་གྱི་དབུལ་སྐྱོར་ལས་དོན་གཙོ་གནད་ཐོག་སྤེལ་ཡོད། 
        “ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་འཛུགས་བྱེད་པར་སྐུལ་ཁྲིད་བྱེད་ཆེད། ཀུང་སི་དང་འཇང་མི་རིགས་ཤང་དང་། རྨོག་ཤོད་ཤང་། ཆུ་ཚན་ཁ་ཤང་བཅས་ཤང་གསུམ་གྱི་རྒུན་འབྲུམ་འདེབས་འཛུགས་དུད་ཚང་དབར་རྒུན་འབྲུམ་ཉོ་སྒྲུབ་གྲོས་མཐུན་བཞག་པ་དང་། ཀུང་སིས་ལོ་རེར་དུས་ཚད་ལྟར་ཁྲོམ་རའི་རིན་གོང་ལས་10%མཐོ་བའི་རིན་གོང་ལྟར་རྒུན་འབྲུམ་ཉོ་སྒྲུབ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སི་གསར་འཛུགས་མཁན་བློ་བཟང་ཚེ་རིང་གིས་ལོ་ཤས་རིང་འཇང་མི་རིགས་ཤང་དང་རྨོག་ཤོད་ཤང་། ཆུ་ཚན་ཁ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཨ་རག་སྙོལ་བའི་རྒུན་འབྲུམ་མུའུ་ཁྲི་ཙམ་འདེབས་འཛུགས་བྱས་ཡོད་པ་རེད། 
འདི་ནི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིའི་རྒུན་འབྲུམ་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་ར་བའི་ནང་གི་རྒུན་འབྲུམ་རེད། 
        དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། རྒུན་འབྲུམ་ཐོན་ལས་ཡག་པོ་གཉེར་ནས་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིས་བོགས་ཞིང་ལ་བརྟེན་ནས་རང་བདག་གིས་མཐོ་སྒང་གི་སྐྱེ་ལྡན་ཆང་བསྙལ་བའི་རྒུན་འབྲུམ་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་ར་བ་མུའུ500ལྷག་འཛུགས་སྐྲུན་བྱས་ཤིང་། རྒུན་འབྲུམ་གྱི་རིགས་བཅུ་ལྷག་ནང་འདྲེན་བྱས་ཏེ་ཞིང་ཆུ་གཏོང་བ་དང་རྩི་ཤིང་གི་འབུ་འགོག་པ་སོགས་ལག་རྩལ་མཐོ་གསར་གྱི་དཔེ་སྟོན་དང་། ཞིང་པ་དཀྱུས་མའི་འདེབས་འཛུགས་ཚོད་ལྟ་བྱས་ཤིང་། ས་གནས་དེ་གའི་གནམ་གཤིས་ཁོར་ཡུག་དང་རྨོ་འདེབས་གོམས་གཤིས་དང་འཚམ་པའི་རྒུན་འབྲུམ་འདེབས་འཛུགས་ལག་རྩལ་ཆ་ཚང་ཞིག་འཚོལ་ཞིབ་བྱས་ནས་ཐོན་ལས་ཅན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་པ་རེད། 
        མིག་སྔར། བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་ལས་ཚད་ཡོད་ཀུང་སིར་ས་གནས་དེ་གའི་ལས་མི17ཡོད་པ་དང་ཟླ་རེའི་ཡོང་འབབ་དམའ་ཤོས་སྒོར3500ཟིན་གྱི་ཡོད། 
        བློ་བཟང་ཚེ་རིང་གིས་ “2016ལོ་ནས་བཟུང་། རྒུན་འབྲུམ་འདེབས་འཛུགས་དུད་ཚང་གི་རྒུན་འབྲུམ་འདེབས་འཛུགས་ལག་རྩལ་མཐོ་རུ་ཕྱིན་ནས་ཐོན་འབབ་མཐོ་རུ་ཕྱིན་ཡོད། ཟླ་རེར་ཀུང་སིའི་ལག་རྩལ་པ་གཞི་རིམ་དུ་འདེབས་འཛུགས་གསོ་སྦྱོང་ལ་འགྲོ་ཡི་ཡོད”ཅེས་བཤད་ཅིང་། རྒུན་འབྲུམ་ལག་རྩལ་མཛུབ་ཁྲིད་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཐོབ་ནས་རྒུན་འབྲུམ་འདེབས་འཛུགས་དུད་ཚང་གིས་རྒུན་འབྲུམ་གྱི་དོ་དམ་ལག་རྩལ་སྤྱིར་བཏང་ཁོང་དུ་ཆུད་ཡོད་ལ། ཀུང་སིས་ཀྱང་མུ་མཐུད་དུ་ལག་རྩལ་པ་མངགས་ནས་འདེབས་འཛུགས་དུད་ཚང་ལ་མཛུབ་ཁྲིད་བྱ་བ་རེད། 
        ཐོན་ལས་དབུལ་སྐྱོར་ལམ་བུའི་ཐོག ནས་དང་རྒུན་འབྲུམ་བཅས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་མང་པོ་ཐོན་ནས་མང་ཚོགས་དབུལ་པོའི་སྒོ་འགྲམ་དུ་ལས་ཞུགས་དང་འབབ་འཕར་བརྟན་པོ་བྱུང་སྟེ། བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོའི་གྲོང་ཚོ་རེ་རེར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་རྣམ་གྲངས་ཡོད་པ། མི་ཚང་མར་ཡོང་འབབ་ཡོད་པ་བཅས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1