༄༅།།ཡིད་ལྷུང་ལྷ་མཚོ།

བསོད་ཐར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-14



   

      བསོད་ཐར།


ཡིད་ལྷུང་ལྷ་མཚོ      སྲིད་པ་ཆགས་པའི་མཚོ་མོ
ལྷ་ཡི་བཻ་སྔོན་གྱི་མེ་ལོང
གཉན་གྱི་གཡུ་ཞུན་གྱི་ཕོར་བ
ཀླུ་ཡི་མཚར་སྡུག་གི་སྦྲ་གུར་སྔོན་མོ
ས་འདིའི་གཡང་རྟེན་གྱི་མཛོད་དང་རེ་སྨོན་གྱི་ལྷ་གསོན་པོ
མཚོ་འགྲམ་གྱི་རྡོ་ཡི་བང་རིམ་རེ་རེ་དང  མ་ཎི་རེ་རེ
སྔོ་ལྟེམ་ལྟེམ་འཁྱིལ་བའི་གདགས་སྲིབས་ཀྱི་གཟུགས་བརྙན་རེ་རེ
མཇལ་བའི་ཚེ་ན་སེམས་ཀྱི་ནག་ནོག་དག
བདེ་སྐྱིད་དང་སྤྲོ་དགའ་སྙིང་ན་སིམ

ཡིད་ལྷུང་ལྷ་མཚོ
ཉིན་ལ་ཉི་མའི་སྤྱན་དང
སྤྲིན་པའི་མཐུད་མཚམས་ཀྱི་དབྲག་ན་འོད་འཚེར་འཚེར
མཚན་ལ་ཟླ་བའི་སྨད་གཡོགས་དང
སྐར་ཚོགས་ཀྱི་ཁང་ཁྱིམ་བར་ན་སྔོ་ཡོམ་ཡོམ
དབྱར་ལ་འཇའ་ཚོན་གྱི་རི་མོ་དང
མི་ཚོགས་ཀྱི་མིག་ལ་ཁྲ་ཆིལ་ཆིལ
དགུན་ལ་དངུལ་དཀར་གྱི་གྭའུ་བཞིན
ཁྲོ་ལ་རི་བའི་གློ་ཟུར་ན་འོད་ཆེམ་ཆེམ
སྟོན་ལ་གསེར་མདོག་གི་སྤོས་ཤེལ་བཞིན
ས་མཐོའི་མཚོགས་གསང་ན་གསེར་མེ་མེར
དཔྱིད་ལ་རེ་འབྲས་ཀྱི་ཞིང་ས་ལྟར
རེ་སྨོན་གྱི་ཆར་ཆུ་འོད་ཚོམ་ཚོམ
ཡིད་འོང་གི་ཡིད་ལྷུང་མཚོ
ཁྱེད་ལ་དད་གུས་དང་རེ་སྨོན་གྱི་རྒྱགས་ཕྱེ་དེ་འདྲའི་མང་བོ་ཞིག
སྩལ་མཁན་དེ་ཆོས་རྒྱལ་བརྟན་པ་ཚེ་རིང་ཡིན་ནམ
མིན་གླིང་རྗེ་གེ་སར་ཡིན

ཡིད་ལྷུང་ལྷ་མཚོ
ཁྲོ་ལའི་མིག་མདངས་དེ་ཁྱེད་ལ་ཕོག
ཁྱེད་ནི་བསོད་ནམས་ཅན་གྱི་ཆུང་མ་ཞིག་རེད་ཨང
ངལ་བ་བརྒྱ་ཕྲག་དང་འཐབ་པའི་མཇལ་འདུན་གྱི་མི་བུ་རེ་རེས
ཁྱེད་ལ་སྐྱིད་སྡུག་གི་སྙིང་གཏམ་ཅི་ཙམ་བཤད་འོང
ལན་གཅིག་མཇལ་བའི་དེ་རིང
བདག་ནི་ཉ་མོ་ཞིག་ཡིན་ན་བསམ
ཁྱེད་ཀྱི་པང་ན་འཚེ་མེད་དུ་རྒྱུ་བའི་བྱ་ཞིག་ཡིན་ན
ངས་ཁོང་ཅག་གིས་བརྗོད་ན་མི་ཚར་བའི་རེ་སྨོན་དང་སྡུག་བསྔལ
ཞེན་ཆགས་དང་འཁོན་པ   ཁྲོ་བ་དང་འཁང་བ
མདོར་ན་ཞུམ་པ་དང་འཇིགས་སྣང་བྱེ་བ་དང་ཁྲག་ཁྲིགས
མཚོ་མོའི་གཏིང་རིམ་ན་ཁྱེར་ན་བསམ
མཚོ་གཏིང་ནས་ག་ལེ་བཞུ་ན་བསམ


ཡིད་ལྷུང་ལྷ་མཚོ
ཁྱེད་ནི་ལོ་རྒྱུས་ཀྱི་ཕྲག་གོང་ན་འཁྱིལ
མེས་པོ་རེ་རེའི་དཀའ་སྡུག་གི་མིག་གོང་ན་འཁྱིལ
ཐ་ན་སྐྱེ་འགྲོ་རེ་རེའི་སེམས་ཁོང་ན་འཁྱིལ
ད་དུང་དཔའ་ངར་དང་སྙན་སྒྲུང་གི་ཀློང་ན
ནམ་ཡང་ཁྱེད་ནི་གཉུག་མའི་མེ་ལོང་དང
འགྱུར་མེད་ཀྱི་མཁའ་དབྱིངས་དེ་ཡིན 
    
            མཚོ་འགྲམ་གྱི་རྡོ་ཞིག་གི་སྟེང་ན་/ཕ་ཡུལ་མཚོ་དང་མཚོ་ནི་རང་ཡུལ་རང་/ཞེས་བྲིས་ནས་ཕྱིས་སུ་འདི་ཉིད་ལྷན་པ་ཙམ་དུ།.   2020.6.7


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1