བོད་ལྗོངས་ཆབ་མདོའི་ཚོང་འགུགས་ཡུལ་སྐོར་ལ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར20ལ་སླེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-15



        ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་ཆེད། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བའི་སྐབས་སྟེ་ཟླ10པའི་ཚེས10ཉིན་གྱི་ཕྱི་དྲོར། ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་དང་ཆབ་མདོ་གྲོང་ཁྱེར་གྱི་སྐབས་དྲུག་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་ཚོང་འགུགས་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་ཆབ་མདོའི་ཐོག་ཁང་ཆེན་མོར་འཚོགས་པ་རེད། 

        འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
        དཔའ་ཤོད་རྫོང་གི་ཚོང་ལས་ཁྲོམ་གཞུང་རྣམ་གྲངས་དང་ཁ་རུབ་ཁུལ་གྱི་ཧྲིན་ལིའི་ཅ་ཧོ་ལི་ཡོན་ས་ཁང་བདག་ཁོངས་རྣམ་གྲངས་སོགས་རྣམ་གྲངས9ཡིས་སྟེགས་བུའི་ཐོག་ནས་གན་རྒྱ་བཞག་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར7.56ཟིན་པ་དང་། སྟེགས་བུའི་འོག་ཏུ་གན་རྒྱ་བཞག་པའི་རྣམ་གྲངས10ཡི་གན་འཇོག་མ་དངུལ་སྒོར་དུང་ཕྱུར12.1ཟིན་ཡོད། 

        འོས་སྦྱོར་ཚོགས་འདུའི་གན་རྒྱ་འཇོག་པའི་མཛད་སྒོ།
        འོས་སྦྱོར་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཀྲའོ་མིང་གིས་ཤིས་ཚིག་གསུང་སྐབས། ཆབ་མདོ་ནི་ངོ་མཚར་ཆེ་བའི་ས་ཆ་ཞིག་ཡིན་ལ་ལྷག་པར་དུ་མ་དངུལ་འཇོག་པའི་གནས་ཤིན་ཏུ་ལེགས་པོ་ཞིག་ཡིན། ཆབ་མདོར་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པ། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་ཡོད་པ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱང་ཡོད་པ། མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེ་བ། མདུན་ལམ་ཡངས་པ་བཅས་ཡོད་པས་ཚང་མས་མ་འཇོག་འཕྲིན་ལས་དར་བའི་གདམ་ག་ཡག་ཤོས་ཤིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་གི་ཡུལ་སྐོར་ཚོང་པ་དང་ཁེ་ལས་པ་དང་དེ་བཞིན་ལས་རིགས་ཁག་གི་གྲོགས་པོ་བཅས་ཆབ་མདོར་རྟོག་ཞིབ་མཛུབ་ཁྲིད་དང་ཡུལ་སྐོར་ལྗོངས་རྒྱུ་རུ་ཕེབས་ནས་མཛའ་སེམས་སྟོན་པ་དང་མ་འཇོག་འཕྲིན་ལས་གཉེར་ཏེ་“མཉམ་ལས་དང་། སྤེལ་རེས། འཕེལ་རྒྱས། མཉམ་ཁེ”བཅས་མངོན་འགྱུར་ཡོང་བར་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་ཡིན་ཞེས་གསུངས་པ་རེད།
        
འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
        ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་མེ་ཧྥང་ཆོན་གྱིས་གསུང་བཤད་གནང་སྐབས། ད་རེས་ཀྱི་གོ་སྐབས་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ནས་བྱ་བ་སྒྲུབ་ན་གོ་རིམ་ལྡན་ཞིང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་འགྱུར་ཡོང་བར་ཤུགས་སྣོན་དགོས། གཅིག་ནས་སྲིད་དོན་ཁོར་ཡུག་ལེགས་འགྱུར་ཡོང་བར་ཤུགས་རྒྱག་དགོས། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་དགོས། གཉིས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་འགྱུར་ཡོང་བར་ཤུགས་རྒྱག་དགོས། ལྷག་བསམ་རྣམ་དག་གི་ཐུགས་ཁུར་ལ་བརྟེན་ནས་མ་དངུལ་འཇོག་མཁན་གྱི་ཡིད་ཆེས་ཐོབ་པ་བྱས་ཏེ་ཚང་མས་ཆབ་མདོར་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་ཚང་མས་ཆབ་མདོར་ལས་གཏོད་ཐུབ་པ་མ་ཟད། གཞིས་ཀྱང་ཆབ་མདོར་ཆགས་པ་བྱས་ནས་སེམས་པ་ཆབ་མདོར་འཁོར་བ་བྱེད་དགོས། གསུམ་ནི་གླིང་ཁུལ་གྱི་ཁོར་ཡུག་ལེགས་འགྱུར་ཡོང་བར་ཤུགས་རྒྱག་དགོས། བུ་རྫི་རྣམ་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁེ་ལས་དེ་ཟས་གོས་ཀྱི་ཕ་མ་ངོ་མར་བརྩིས་ནས་གླིང་ཁུལ་དུ་བཅའ་སྡོད་བྱེད་པའི་རྣམ་གྲངས་ལ་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་དགོས། དུས་མཚུངས་སུ་ཁེ་ལས་པ་རྣམས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་དབུལ་སྐྱོར་དཀའ་སེལ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་གིས་ཞུགས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི“གདུང་འདེགས་ཀ་བ”དང་། རང་ཚུགས་གསར་གཏོད་ཀྱི“གདོང་ལེན་དམག” ཚོང་འགུགས་མ་འདྲེན་ཀྱི“གཙོ་ཤུགས་དམག”  སྤྱི་ཚོགས་འགན་འཁྲིའི“སྣེ་ཁྲིད་པ།”  ནུས་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་ལ“འབད་སྒྲུབ་མཁན།”  རང་གཅུན་སྤྱོད་བཟང་གི“མིག་དཔེ་ཅན”བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད། 
        བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅིའམ་དགེ་རྒན་ཆེན་མོ་ཀྲུའུ་ཕུའུ་ཞོན་གྱིས་ཆབ་མདོར་ཁྱོན་བསྡོམས་ཡུལ་སྐོར་མཛེས་ལྗོངས་ཁུལ209ཡོད་པ་དངA2རིམ་པ་དང་དེ་ཡན་གྱི་མཛེས་ལྗོངས་ཁུལ13ལས་མེད། ཁོང་གིས་ཆབ་མདོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ངོ་བོ་ནི་བོད་ལྗོངས་ཀྱི་ཡུལ་སྐོར་མགྲོན་པོའི་བསྡུ་འགྲེམས་ལྟེ་གནས་དང་། ཁྲོན་བོད་ལྕགས་ལམ(ལྟེ་བའི་རྒྱུ་རྐྱེན)གྱི་འགག་རྩའི་ས་ཚིགས། ཁམས་པའི་རིག་གནས་དང་ཡུལ་སྐོར་ཉམས་ལེན་སྤྲོ་གསེང་རྟེན་གཞི་བཅས་ཡིན་པས། ཆབ་མདོ་ལྟེ་བར་བྱས་ཏེ་ཡུལ་སྐོར་ལམ་ཐིག་ཆགས་པ་དང་ཁམས་པའི་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་གསར་སྤེལ་བྱེད་དགོས་པར་ངོས་འཛིན་གྱིན་ཡོད་ཅེས་མཚམས་སྦྱོར་གནང་བ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1