པཎ་ཆེན་སྐུ་ཕྲེང་བཅུ་པས་མེ་འགོག་ཁྲའོ་རོགས་ལ་སྒོར་དུང་ཕྱུར1.3ཕུལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-27



---བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་དང་དགེ་འདུན་པ་རྣམས་ཀྱིས་མེ་འགོག་ཁྲའོ་རོགས་ལ་གནམ་གྲུ་ཉོ་བར་ཞལ་འདེབས་ཕུལ་བའི་གནས་ཚུལ་རགས་བཀོད།
        ཁྲའོ་ཞན་དམག་འཁྲུག་གིས་ཉེ་རབས་ཀྱི་ཀྲུང་གོར་བག་ཆགས་ཟབ་མོ་བཞག་ཡོད་ལ། ཀྲུང་གོའི་སྤྱི་ཚོགས་དང་ཀྲུང་གོའི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་ཡོད། ཀྲུང་གོའི་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་བསྐྱོད་ནས་དམག་འཁྲུག་ལ་ཞུགས་པའི་དུས་དེ་ནས་བཟུང་། ཀྲུང་གོའི་སྲིད་གཞུང་གིས་སྟོབས་དང་ལྡན་པའི“མེ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ”ཀྱི་རྒྱལ་གཅེས་དྲིལ་བསྒྲགས་ལས་འགུལ་སྤེལ་ཏེ། རྒྱལ་ཁབ་ཧྲིལ་པོར་སྐུལ་སློང་བྱས་ནས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་ཏུ་མཐུན་ཞིང་། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ཁྲོད་དུའང་རྒྱལ་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་ཏང་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་གཡུལ་སར་རྒྱབ་སྐྱོར་བྱེད་པའི་ལས་དོན་ནང་ཞུགས་ཡོད། ས་གནས་སོ་སོའི་ནང་བསྟན་གྱི་སྡེ་དང་མི་སྒེར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ནང་བསྟན་ལས་རིགས་ཀྱི་གཙོ་འཛིན་གྱིས་སྐུལ་སློང་འོག་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མཚོ་སྔོན་ཞིང་ཆེན་གྱི་ཀྲུའུ་ཞི་ཀྲའོ་ཧྲོའུ་ཧྲན་རྣམ་གཉིས་ནས་དགེ་འདུན་པ་དག་གིས“གནམ་གྲུ་ནང་བསྟན་རྟགས་ཅན”ཉོ་བར་ཕུལ་བའི་ཞལ་འདེབས་དང་ལེན་གནང་བ།
        1950ལོའི་ཟླ9པར་ཅུས་ཙན(巨赞)ལགས་ཀྱིས་གཙོ་སྒྲིག་བྱས་པའི《དེང་རབས་ནང་དོན་རིག་པ》ཞེས་པའི་ནང་དུ་ཁྲའོ་ཞན་གྱི་ནང་པ་སངས་རྒྱས་པ་ཚོས་ཨ་རིའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཚུལ་སྐོར་གྱི་གསར་འགྱུར་ཞིག་བཀོད་ཡོད། ཐ་སི་གསར་འགྱུར་ཁང་གི་ཕིང་རང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱི་བདེ་ལམ་ནང་བསྟན་སྡེ་ཚོགས་ཀྱིས་ཁྲོམ་སྐོར་བྱས་ཏེ་ཨ་རིའི་བཙན་འཛུལ་པས་མནར་གཅོད་གཏོང་བ་དང་། འབར་མདེལ་དབྱུག་པ། ཉེས་མེད་མང་ཚོགས་དམར་གསོད་གཏོང་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ཁོང་ཁྲོ་ཆེན་པོས་རྒོལ་ལན་སྤྲད། ཁོང་ཚོས་ཁྲའོ་ཞན་མི་དམངས་དང་མཉམ་དུ་ཨ་རིའི་བཙན་འཛུལ་ལ་འགོག་རྒོལ་དང་མེས་རྒྱལ་གྱི་གཅིག་གྱུར་དང་རང་བཙན་གྱི་ཆེད་དུ་འཐབ་རྩོད་མཐར་ཐུག་བྱས། གསར་འགྱུར་དེས་པེ་ཅིང་གྲོང་ཁྱེར་གྱི་ནང་བསྟན་ལས་རིགས་ཀྱིས་མེ་འགོག་ཁྲའོ་རོགས་ལ་དྲིལ་བསྒྲགས་བྱ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
        དེའི་རྗེས་སུ་ཀྲའོ་ཕུའུ་ཁྲུའུ་ལགས་ཀྱིས《རྒྱལ་ཡོངས་ཀྱི་ནང་པ་སངས་རྒྱས་པས་གཅིག་མཐུན་གྱིས་མེ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ཆེད་དུ་འབད་འཐབ་བྱེད》ཅེས་པའི་རྩོམ་ཡིག་གཅིག་སྤེལ་ནས་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་ཁྲའོ་ཞན་དམག་འཁྲུག་བསླངས་པ་དང་། ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་ཤིང་། ཀྲུང་གོའི་མངའ་ཁོངས་ལ་བཙན་འཛུལ་བྱས་པ་བཅས་ཀྱི་ཉེས་སྤྱོད་ཐེར་འདོན་བྱས་པ་རེད། 
        1951ལོའི་ཟླ2པའི་ཚེས2ཉིན། པེ་ཅིང་གྲོང་ཁྱེར་གྱི་དགོན་སྡེ400ལྷག་ཙམ་ནས་ཡོང་བའི་གྲྭ་བཙུན་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ32ནས་ཡོང་བའི་དགེ་འདུན་པའི་འཐུས་མི། དེ་མིན་ནང་བསྟན་ལས་རིགས་ཀྱིས་བཙུགས་པའི་སློབ་ཆུང་གི་སློབ་མ་བཅས་ཁྱོན་བསྡོམས་མི2800ལྷག་ཙམ་ཀྲུང་ཧྲན་སྤྱི་གླིང་གི་རོལ་དབྱངས་ཚོམས་ཆེན་དུ་འཛོམས་ནས་མེ་འགོག་ཁྲའོ་རོགས་བྱེད་པའི་རྒྱལ་གཅེས་རྔམ་སྟོན་ཁྲོམ་སྐོར་གྱི་ཚོགས་ཆེན་འཚོགས་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས“གནམ་གྲུ་ནང་བསྟན་རྟགས་ཅན”ཉོ་བར་འབོལ་སྐུལ་གནང་བའི་གློག་འཕྲིན།
        ཁྲའོ་ཞན་དམག་འཁྲུག་གིས་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་དང་འཐབ་སེམས་ལ་ཚོད་བགམ་བྱས་པ་མ་ཟད། དུས་མཚུངས་སུ་ཀྲུང་གོའི་རྒྱལ་དམངས་དཔལ་འབྱོར་ལའང་ཚོད་བགམ་བྱས་ཡོད། དམག་འཁྲུག་ལངས་ནས་ཅང་མ་འགོར་བར། ཀྲུང་གོའི་སྲིད་གཞུང་གིས་ཕྱོགས་གཅིག་ནས་ན་གཞོན་རྣམས་དམག་མིར་ཞུགས་ནས་གཡུལ་སར་དགྲ་བོ་བསད་དེ་རྒྱལ་ཁབ་སྲུང་བར་སྐུལ་མ་ཤུགས་ཆེན་བཏང་བ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཡོངས་མི་དམངས་ལ་ཧུར་བརྩོན་གྲོན་ཆུང་གིས་འཚོ་བའི་དངོས་རྫས་རྣམས་དང་བླངས་དམག་ལ་ཞལ་འདེབས་སུ་འབུལ་དགོས་པའི་འབོད་སྐུལ་བཏང་ཞིང་། གནས་ཚུལ་དེ་འདྲའི་འོག་རྒྱལ་ཡོངས་སུ་དམག་སྤྱོད་དངོས་རྫས་ཞལ་འདེབས་སུ་འབུལ་བ་དང་། ན་གཞོན་རྣམས་དམག་མིར་ཞུགས་པའི་བྱ་འགུལ་སྤེལ་ཡོད་ལ་ནང་བསྟན་ལས་རིགས་ཀྱང་དེ་ལས་མ་འདས།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མི་དམངས་དང་བླངས་དམག་ལ་གུས་འདུད་ཞུ་བའི་གློག་འཕྲིན།
        ནང་བསྟན་ལས་རིགས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོ་མང་པོའི་ཁྲོད་ནས་མངོན་གསལ་དོད་ཤོས་ནི“གནམ་གྲུ་ནང་བསྟན་རྟགས་ཅན”ཞལ་འདེབས་སུ་འབུལ་བའི་ལས་འགུལ་དེ་རེད།
        1951ལོའི་ཟླ6པར《དེང་རབས་ནང་དོན་རིག་པ》ཞེས་པའི་ཚགས་པར་ནང་པེ་ཅིང་གྲོང་ཁྱེར་གྱི་ནང་བསྟན་ལས་རིགས་མེ་འགོག་ཁྲའོ་རོགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་གྲྭ་བཙུན་ཡོངས་ཀྱི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་ནང་པ་སངས་རྒྱས་པར་རྒྱལ་གཅེས་རིང་ལུགས་ཀྱི་ཞལ་འདེབས་འབུལ་བའི་ལས་འགུལ་སྤེལ་བའི་ཁྲོམ་བསྒྲགས་ཡི་གེ་བཏང་ནས། ཀྲུང་གོའི་མི་དམངས་དང་བླངས་དམག་ལ“གནམ་གྲུ་ནང་བསྟན་རྟགས་ཅན”ཞལ་འདེབས་འབུལ་བའི་གྲོས་འགོ་ཐོག་མར་བཏོན་པ་རེད། ཁྲོམ་བསྒྲགས་འཕྲིན་ཡིག་ནང་དུ་རྒྱལ་ཡོངས་ཀྱི་ནང་པ་སངས་རྒྱས་པས་ཐོན་སྐྱེད་སྒྲིག་འཛུགས་བྱེད་པ་དང་ཐོན་སྐྱེད་དངོས་ཀྱི་ཁྲོད་ནས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་རྒྱུའི་རེ་འབོད་བྱས། 

རྒྱལ་སའི་ནང་བསྟན་ལས་རིགས་ཀྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཨ་རིའི་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པ།
        1951ལོའི་ཟླ11པའི་ཚེས3ཉིན་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཟི་ལིང་ནས་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོའི་སྲིད་གཞུང་གི་མེ་འགོག་ཁྲའོ་རོགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཐུགས་བསམ་བཞེས་ནས“རང་ཉིད་ཀྱི་ནུས་ཚོད་ཐུབ་ཚོད་ཀྱིས་ས་གནས་སོ་སོའི་བོད་རིགས་མི་དམངས་དང་ནང་བསྟན་ལས་རིགས་ཀྱི་དད་ལྡན་པ་རྣམས་ལ་ཧུར་བརྩོན་གྱིས་མེ་འགོག་ཁྲའོ་རོགས་ཀྱི་ལས་འགུལ་ནང་ཞུགས་དགོས་པར་འབོད་སྐུལ་དང་། མཚོན་ཆ་ཞལ་འདེབས་སུ་ཕུལ་ནས་འཐབ་འཛིང་གནམ་གྲུ་ནང་བསྟན་རྟགས་ཅན་ཞལ་འདེབས་སུ་འབུལ་བའི་འཆར་གཞི་མགྱོགས་པོར་འགྲུབ་ཐུབ་པ་བརྩོན་ལེན”གནང་རེད། སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཐོག་མར་སྒོར་དུང་ཕྱུར1དང་བྱེ་བ3ཞལ་འདེབས་སུ་ཕུལ་བ་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་མིང་རྟགས་མཉམ་བཀོད་ཀྱིས་ཞིང་ཆེན་ཡོངས་ཀྱི་དགོན་སྡེ་ཆེ་གྲས་ཁག་ལ་འཕྲིན་ཡིག་སྤྲིངས་ནས་ཚང་མས་ཧུར་ཐག་གིས་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་གནང་ཞིང་། “འཐབ་འཛིང་གནམ་གྲུ་མཚོ་སྔོན་ནང་བསྟན་རྟགས་ཅན”ཞེས་པ་ཞལ་འདེབས་འབུལ་བའི་ལས་འགན་ཡོངས་འགྲུབ་བྱེད་པར་འབད་བརྩོན་གནང་།

ཅང་སུའུ་ཐའེ་རྫོང་གི་བྱིས་པ་ཆུང་ཆུང་ཚོས“གནམ་གྲུ་བྱིས་པ་རྟགས་ཅན”ཞལ་འདེབས་སུ་འབུལ་རྒྱུའི་གྲོས་འགོ་བཏོན་པར་རྒྱལ་ཡོངས་ནས་རྒྱབ་སྐྱོར་ཐོབ་པ།
         དུས་མཚུངས་སུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་སྐུ་འབུམ་བྱམས་པ་གླིང་དང་རྟ་ཐང་གསེར་ཁོག་དགོན་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁག་ལ་སྐུ་དངོས་སུ་ཕེབས་ནས་བླ་མ་དང་དགེ་འདུན་པའི་ཚོགས་ལ་སྐབས་དོན་ཆབ་སྲིད་མཚམས་སྦྱོར་གནང་ཞིང་ཞལ་འདེབས་འབུལ་བའི་དོན་སྙིང་སོགས་གསུངས་གནང་ཡོད། ཁོང་གིས་གོ་སྐོན་བློ་འགུགས་བྱས་པར་བརྟེན་ནས་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པའི་སྡེ་ཐུན་མོང་གིས་སྒོར་དུང་ཕྱུར1དང་བྱེ་བ3ཞལ་འདེབས་ཕུལ་བ་དང་རྟ་ཐང་རྫོང་གི་དགོན་སྡེ7གྱིས་སྒོར་ཁྲི2400ལྷག་ཞལ་འདེབས་སུ་ཕུལ་བ་རེད། ཀན་ལྷོའི་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་ཆེན་གུང་ཐང་ཚང་གིས་ལུག500དང་ནོར100། ཀོ500བཅས་ཞལ་འདེབས་སུ་ཕུལ། བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་དང་དེ་བཞིན་དགོན་སྡེ་ཆེ་གྲས་གྲགས་ཅན་དེ་དག་གི་ཡ་རབས་ཧུར་བརྩོན་གྱི་རྣམ་འགྱུར་གྱིས་བོད་མི་དམངས་ཀྱི་ཞལ་འདེབས་འབུལ་བའི་སྤྲོ་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཟླ11པའི་ཚེས21ཉིན། པཎ་ཆེན་རིན་པོ་ཆེ་མཆོག་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་དགེ་འདུན་པའི་སྡེ་ལ་གསུང་བཤད་གནང་སྟེ། མཚོ་སྔོན་གྱི་སེར་སྐྱ་རྣམས་ལ“གནམ་གྲུ་མཚོ་སྔོན་ནང་བསྟན་རྟགས་ཅན”ཞལ་འདེབས་སུ་འབུལ་བ་ལེགས་འགྲུབ་ཡོང་བར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་གནང་ཞིང་། ས་དེ་གའི་དགེ་འདུན་པ་མང་པོས་ལོ་མང་པོར་བསགས་པའི་དངུལ་གྱི་སྒོར་མོ་ཞལ་འདེབས་སུ་ཕུལ་བ་ཁྱོན་བསྡོམས་སྒོར་ཁྲི1ཡས་མས་འདུས། 

མེ་འགོག་ཁྲའོ་རོགས་ལ་ཞལ་འདེབས་སུ་ཕུལ་བའི“གནམ་གྲུ་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་རྟགས་ཅན།”
        དེ་ལྟར།  ནང་བསྟན་ལས་རིགས་ཀྱིས་གྲོས་འགོ་བཏོན་ཞིང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་དག་གིས་འབོལ་སྐུལ་གནང་སྟེ།   མེ་འགོག་ཁྲའོ་རོགས་ལ“གནམ་གྲུ་ནང་བསྟན་རྟགས་ཅན”ཞལ་འདེབས་སུ་འབུལ་བའི་ལས་འགུལ་ཞིག་རྒྱལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་སྤེལ་འགོ་ཚུགས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1