ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་གི་སྒོ་འབྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤེལ་དུས། 11-05




 ཟླ10པའི་ཚེས31ཉིན། ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་གི་ལས་དོན་མི་སྣས(གཡོན)འཛད་སྤྱོད་པར་དབུལ་སྐྱོར་ཐོན་རྫས་ངོ་སྤྲོད་བྱེད་པ། 
          ཟླ10པའི་ཚེས31ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་མཐུན་སྦྱོར་ལག་བསྟར་བྱས་པའི་ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་ཁྲུང་ཆིང་དུ་སྒོ་ཕྱེས་པ་དང་། དེས་བོད་ལྗོངས་ཀྱི་དབུལ་སྐྱོར་ཐོན་རྫས་དེ་ཁྲུང་ཆིང་འཛད་སྤྱོད་དབུལ་སྐྱོར་ཁྲོམ་རར་དངོས་སུ་ཞུགས་རྒྱུ་ཡིན་པ་མཚོན་པ་རེད།
          སྒོ་འབྱེད་པའི་ཉིན་མོ་དེར། འགྲེམས་ཚོང་མི་སྣས་གཟབ་མཆོར་ལེགས་པར་སྤྲས་ཏེ། གངས་ལྗོངས་ས་མཐོའི་རི་བོ་ཆེའི་ཚགས་ཤ་སྐམ་པོ་དང་། ཁ་རུབ་ཕག་ཤ་བསྙལ་མ། ཆུ་འཐག་རྩམ་པ། ནག་ཆུའི་དབྱར་རྩྭ་དགུན་འབུ། སྨར་ཁམས་ཟུར་སྟོད་ཤོད་ཀྱི་སུར་པན་ཟས་རིགས། བདག་དམར་གཡང་གི་རྒུན་ཆང་། བྲག་གཡབ་ཀྱི་ཀུ་ཤུའི་སྐྱུར་ཁུ་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས300ལྷག་ཙམ་དང་། ཡིད་འོང་བོད་གྲི་དང་། སྟེང་ཆེན་གྱི་བ་སོའི་གཡང་ཊིའི་ཡོ་བྱད། མེ་ཏོག་གི་རྡོ་ཁོག མཛོ་སྒང་གི་ཤིང་ཕོར། བོད་གདན། བོད་ལྷམ། བོད་སྤོས་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཁ100ཙམ་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཀྱིས་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་པ་རེད། 
          ད་ལོ་ནས་བཟུང་ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཁྲུང་ཆིང་གི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་བྱས་ཏེ། ཁ་གཏད་རོགས་སྐྱོར་དང་། འཛད་སྤྱོད་དབུལ་སྐྱོར། འཛད་སྤྱོད་བོད་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་དེ། བོད་ལྗོངས་ཀྱི་གཙོ་གནད་དབུལ་སྐྱོར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྲུང་ཆིང་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་གྱི“ཆེད་དོན་གསུམ་དང་ལས་སྟེགས་གཅིག”གི་འཛུགས་སྐྲུན་ནང་བཅུག་པ་དང་། བོད་ལྗོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཁྲུང་ཆིང་དུ་ཕྱིར་ཚོང་བྱེད་པའི་དྲ་བ་བསྐྲུན་ནས། བོད་ལྗོངས་ཀྱི་དབུལ་སྐྱོར་ཐོན་རྫས་དང་ནང་ལོགས་ཀྱི་ཁྲོམ་རའི་དགོས་མཁོ་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ནས། ཐོན་ལས་དབུལ་སྐྱོར་གྱི“ཆེས་མཐའ་མའི་འགག་གནད”དངོས་སུ་ཤར་གཏོང་ཐུབ་པར་བྱས། སྔོན་དཔག་ལྟར་ན། 2021ལོར་ཁྲུང་ཆིང་དུ་བོད་ལྗོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར4ཡན་ཟིན་ངེས་པ་དང་། དེས་དབུལ་ཕོངས་མི་འབོར་ཁྲི3ལྷག་ཙམ་ལ་ཕན་པ་བསྐྲུན་པར་སྐུལ་འདེད་ཐུབ་ངེས་སོ།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1