གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༢༠ཉིན།

ཀོང་པོའི་ལོ་གསར།


   ཚེས་15ཉིན། དགུན་དུས་ཀྱི་ཉི་འོད་དྲོན་མོ་དང་བསྟུན་ལོ་གཅིག་དུས་གཅིག་གི་ཀོང་པོའི་ལོ་གསར་རོལ་བའི་དུས་བཟང་བསུས། ཀོང་པོའི་ལོ་གསར་ནི་ཉིང་ཁྲིའི་ཀོང་པོ་བོད་རིགས་ཀྱི་དམིགས་བསལ་གྱི་དུས་ཆེན་ཞིག་ཡིན་པས་དེ་ལ་ཀོང་པོའི་དུས་ཆེན་ཡང་འབོད་སྲོལ་ཡོད་ལ། བོད་ཀྱི་ལོ་གསར་སྔ་ཤོག་ཤིག་རེད། བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ནི་ཀོང་པོའི་ལོ་གསར་ཡིན་ཞིང་། ད་ལྟའི་བར་ལོ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 

   ཉིན་དེར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོ་རུ། བོད་པ་དང་ལྷོ་པ་མང་ཚོགས་ཀྱིས་རུ་ཁག་20གྲུབ་ནས་མདའ་འཕེན་གྱི་འགྲན་བསྡུར་སྤེལ་བ་རེད། གོམ་པ་45ཡི་ཕྱི་རོལ་ཏུ། སྐད་འཛེར་བའི་སྒྲ་ལྡན་མདའ་ཡི་ཚངས་ཐིག་ལ་ལི་སྨི་20ཡང་མི་ལོངས་པའི་དམིགས་འབེན་ལ་འཕངས་དུས། ཐུན་མོང་མ་ཡིན་པའི་རྟེན་འབྲེལ་བྱེད་སྟངས་དེ་རུ་ཁག་སོ་སོའི་འགྲན་བསྡུར་ལས་ལྷག་པའི་དོ་ཁུར་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་པ་རེད། 


   “བརྗོད་ཀྱིས་མི་ལང་བའི་ཉིང་ཁྲིའི་མཛེས་ལྗོངས། རྫོགས་མཐའ་བྲལ་བའི་བདེ་སྐྱིད་ཀྱི་གླུ་དབྱངས། བདེ་སྐྱིད་ཀྱི་གླུ་དབྱངས། མདའི་སྒྲ་ནི་ཉིང་ཁྲིའི་སྐད་སྒྲ་སྙན་ཤོས་ཡིན། དཔྱིད་ཀ་ནི་ཉིང་ཁྲིའི་དུས་ཚིགས་མཛེས་ཤོས་ཡིན། ཆང་གཞས་ལས་གདུང་བ་ཟབ་པའི་སྨོན་འདུན་ཁེངས། མེ་ཏོག་ར་བ་ནས་ཕུགས་འདུན་གྱི་གཤོག་པ་ལྡེམ”ཚལ་མི་གྲོང་ཚོ་རུ། མང་ཚོགས་རང་གིས་སྒྲིག་བཟོ་དང་འཁྲབ་སྟོན་བྱེད་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་འདུག རིག་རྩལ་འཁྲབ་སྟོན་རེ་རེ་ལས་ཚལ་མིའི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་འདུག་ལ། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ། དགའ་སྐྱིད་ལྡན་པའི་དུས་རབས་གསར་པ་བཅས་ལ་བཅངས་པའི་དགའ་ཞེན་དང་བརྩེ་བའང་མངོན་འདུག 

   གཞན་ཡང་། གསར་འགོད་པས་ཤེས་རྟོགས་བྱུང་གསལ་ལྟར་ན། ཉིང་ཁྲི་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཁྱབ་གདལ་གཏོང་བ་དང་རྒྱབ་སྐྱོར་འོག “མི་ཡུལ་གྱི་དག་ཞིང་། མཛེས་སྡུག་ལྡན་པའི་ཉིང་ཁྲི”ཞེས་པར་ལྗོངས་ཕྱི་ནང་དུ་སྤུས་རྟགས་ཀྱི་ཕན་ནུས་ངེས་ཅན་ལྡན་ཡོད། ཉིང་ཁྲིའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། ཟླ་11ཚེས་9ཉིན། འཛམ་གླིང་གྲོང་རོང་ཆེ་ཤོས་ཏེ་ཡར་ཀླུང་གཙང་པོའི་གྲོང་རོང་ནི་རྒྱལ་ཁབ་5Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས་ཉིང་ཁྲིའི་ཁོངས་སུ་ཡུལ་སྐོར་གྱི་ཁ་བྱང་གསར་པ་གཅིག་བསྣན་ཡོད། དུས་མཚུངས་སུ། ཉིང་ཁྲིའི་ཁོངས་སུ་ད་དུང་5Aརིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་དང་4Aརིམ་པ། 3Aརིམ་པ་སོགས་ཀྱི་མཛེས་ལྗོངས་ཁུལ་སྤུས་དག་ཅན་མང་པོ་ཡོད་པ་རེད།


   རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག “ཡུལ་སྐོར་དང་ལུས་རྩལ་ཟུང་དུ་འབྲེལ་བ”དང་། “ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་ཟུང་དུ་འབྲེལ་བ”སོགས་ཡུལ་སྐོར་ལས་རྣམ་གསར་པར་དོ་ཁུར་ཆེན་པོ་ཐེབས་ཀྱི་ཡོད། ཐེངས་འདིར་ཉིང་ཁྲི་གྲོང་ཁྱེར་གྱིས་གཉེར་བའི་ཀོང་པོའི་ལོ་གསར་གྱི་བྱེད་སྒོ་ཁག་ལ་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་དང་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་དང་།དུས་སྟོན་བྱ་འགུལ། སྲོལ་རྒྱུན་ལུས་རྩལ་སོགས་ཕན་ཚུན་ཟུང་འབྲེལ་བྱས་པར་བརྟེན་ནས་ཉིང་ཁྲིའི་ཡུལ་སྐོར་སྤུས་རྟགས་བསྐྲུན་རྒྱུར་རམ་འདེགས་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད།(http://tibet.people.com.cn/15830120.html) 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1