ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཉིས་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-20


        ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཉིས་པ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་བརྙན་ལམ་ནས་བསྡུས་ཤིང་།  ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་འདིའི་མཇལ་འཛོམས་ལ་འགོ་འཛིན་བྱས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས། པ་ཞིའི་ཙུང་ཐུང་པའོ་སའོ་ནཱ་ལུའོ་བཅས་ཐུག་འཕྲད་ནང་ཞུགས།
        ཞི་ཅིན་ཕིང་གིས《ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བརྗོད་དོན་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན། མིག་སྔར་དུས་རབས་ཀྱི་རིམས་ནད་དང་ལོ་བརྒྱའི་འགྱུར་ལྡོག་བསྣོལ་མར་བསྡེབས་ཡོད་པའི་དུས་དང་འཁེལ་ཡོད་པས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་ལོ་བརྒྱའི་རིང་ཚབས་ཆེས་ཆེ་བའི་འགོས་ནད་མཆེད་ཀྱིན་ཡོད་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཀྱང་དུས་རབས་གོང་མའི་ལོ་རབས་སུམ་ཅུ་པའི་ནང་ཉམས་རྒུད་ཆེན་པོ་བྱུང་བ་ནས་བཟུང་ཉམས་རྒུད་ཚབས་ཆེན་འགྲོ་བཞིན་པའི་དུས་དང་འཁེལ་ཡོད་པར་བརྟེན། དུས་སྐབས་གལ་ཆེན་འདི་འདྲ་ཞིག་ལ་ཐུག་འཕྲད་འདི་ལྟ་བུ་བྱས་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོར་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་དུས་རབས་ཀྱི་བརྗོད་དོན་ལ་འགྱུར་བ་བྱུང་མེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་ཀྱི་རླབས་རྒྱུན་ཡང་ལྡོག་ཕྱོགས་སུ་འགྱུར་མི་སྲིད་པར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མི་དམངས་ལ་བདེ་སྐྱིད་སྐྲུན་པར་བསམ་བློ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་པ། ལག་ལེན་དངོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་ཕྱིར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། གཅིག་ནས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས། གཉིས་ནས་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ནས་རིམས་ནད་ཀྱི་འགྲན་སློང་ཁྱད་སེལ་བྱེད་དགོས། གསུམ་ནས་སྒོ་འབྱེད་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་དམངས་འཚོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བསྐྲུན་རྒྱུ་ཡིན་ལ། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་སྒོས་བསྐྲུན་རྒྱུ་ཡིན། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་རྒྱག་མི་སྲིད་པར་དེ་ལས་ལྡོག་སྟེ་སྒོ་འབྱེད་ཀྱི་ཁྱབ་རྒྱ་སྔར་ལས་ཡངས་པོར་འབྱེད་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་ཚོང་རར་སྔར་ལས་ཧུར་ཐག་སྒོས་ཞུགས་ནས། ཕྱི་ཕྱོགས་མཉམ་ལས་སྔར་ལས་རང་རྟོགས་སྒོས་ཟབ་སྤེལ་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་གོ་སྐབས་དང་བར་སྟོང་སྔར་ལས་མང་པོ་བསྐྲུན་རྒྱུ་ཡིན།
        ཞི་ཅིན་ཕིང་གིས་མཇུག་ཏུ་ནན་གྱིས་བསྟན་དོན། ང་ཚོ་ཚང་མ་གྲུ་གཟིངས་གཅིག་གི་སྟེང་ན་ཡོད་ཅིང་། རླུང་རླབས་དྲག་པོ་བྱུང་ནས་གྲུ་གང་སར་གཡོ་སྐྱོམས་བྱེད་པའི་དུས་སུ་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཁ་ཕྱོགས་ཡང་དག་འཛིན་ཤེས་དགོས་ལ། གྲུའི་དལ་ལྷོད་ཁོང་དུ་ཆུད་པར་བྱེད་རྒྱུ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་རྒྱ་མཚོའི་རྦ་རླབས་གཤགས་ཏེ། བབ་བརྟན་ངང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་དགོས།
        རྒྱལ་ཁབ་ལྔའི་འགོ་ཁྲིད་པ་རྣམས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་དུ་གཏོང་བ་དང་།  གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་ཐུན་མོང་གི་བདེ་འཇགས། གསར་གཏོད་འཕར་སྣོན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་སྙིང་དུ་བཟུང་ནས། རིམས་ནད་འགོག་པའི་མཉམ་ལས་ཇུས་གཞི་ཆེན་པོར་མཉམ་གྲོས་དང་། གསེར་གྱོམ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཐད་ནས་འཆར་གཞི་འཐེན་པར་མ་ཟད། དེས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་མིག་སྔའི་རྒྱལ་སྤྱིའི་གནས་བབ་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།
        ཏིན་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱིས། ཧོ་ལིས་ཧྥུན་སོགས་ཐེངས་འདིའི་ཐུག་འཕྲད་ནང་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1