གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༢༣ཉིན།

གཙང་གསུམ་ས་གཞིར་བདེ་སྐྱིད་གླུ་དབྱངས་གྲགས།


—— “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

          “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་སྟོབས་བརྩོན་བྱས་པས་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།
          2015ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་14.6%དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་14.9% སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་ལོ་རེར་ཆ་སྙོམས་14.1%བཅས་འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

          “སྔོན་ཆད་རྡོ་ཧྲུག་གི་ལམ་དུམ་ཞིག་བརྒྱུད་ནས་གཙང་འགྲམ་དུ་ཆུ་ལེན་པར་འགྲོ་དགོས་པ་དང་། ཉིན་གཅིག་ལ་ཐེངས་ཁ་ཤས་འགྲོ་དགོས་ཀྱི་ཡོད། ད་ཆ་ཁྱིམ་དུ་ཆུ་ཀ་ལ་ཁྲིད་པས་ཧ་ཅང་སྟབས་བདེ་བ་མ་ཟད། ད་དུང་ཆུ་གཙང་མ་ཡོད”ཅེས་ལྷོ་རོང་རྫོང་དམར་རི་གྲོང་རྡལ་བཅུ་ཤོག་གྲོང་ཚོའི་གྲོང་མི་སྐར་མས་བཤད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་93%ཟིན་པ་དང་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་99.5%ཟིན་ཡོད་པ་རེད།
          བློ་བཟང་ལྷུན་གྲུབ་ནི་ཁ་རུབ་ཆུས་ཁ་རུབ་གྲོང་ཚོའི་གྲོང་མི་ཡིན་ཞིང་། 2019ལོར་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་26བྱུང་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། ཁོང་གིས“དེ་དག་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན། ང་ཚོ་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྗེས་འབབ་འཕར་ཕྱུག་འགྱུར་བྱུང་སོང”ཞེས་བརྗོད་བྱུང་། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་གཡོ་འགུལ་མི་གཏོང་རྒྱུར་དམིགས་ནས“ཁག་གཅིག་རེ་ལྔ”དང“གནད་སྨིན་དྲུག”གི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་པར་བརྟེན་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རིམ་རྩིས་བྱས་ན་ཆབ་མདོ་གྲོང་ཁྱེར་གྱི་མི་འབོར་དབུལ་པོ་ཁྲི་19.46དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་བ། རྫོང(ཆུས)དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་བྱུང་བ་བཅས་ཀྱི་རྣམ་པ་ཐོན་ཡོད།
         མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ“100%ལྔ”ཡི་སློབ་གསོའི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། ལོ་ལྔའི་རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་གྲངས་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་བསྟུད་མར་ཚོད་འཛིན་བྱས་ཡོད།
  
        སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་ནས་སྣོད་བཅུད་ཀྱི་རྨང་གཞི་མངོན་པར་བྱ་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ནགས་བཟོ་དང་། ནགས་སྲུང་། ནགས་གསོ། རྩྭ་གསོ་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་བཏབ་པ་དང་རྩྭ་ཐང་གི་སྔོ་ཁེབས་དང་ནགས་ཚལ་ཁེབས་ཚད་ཁག་སོ་སོར་52.04%དང34.78%ཟིན་ཡོད་པ་རེད།

          དངོས་སྒྲུབ་བྱས་ནས་ཕུགས་འདུན་སྒྲུབ། འབད་འཐབ་བྱས་ནས་གྲུབ་འབྲས་གཏོད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་སྟོབས་བརྩོན་གྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཐོག་ནས་དུས་བབ་གསར་པའི་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་ཆབ་མདོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1