༄༅།།མིག་སྐམ་ནད་ལ་དོ་སྣང་མི་བྱེད་པར་འཇོག་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-01


        དུས་ཡུན་རིང་པོར་བརྙན་ཡོལ་ངོས་སུ་བལྟས་ན་མིག་སྐམ་སྟེ་མི་བདེ་བའི་ཚོར་སྣང་འབྱུང་ངམ།རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཟུར་གཏོགས་པེ་ཅིན་ཐུང་རེན་སྨན་ཁང་མིག་སྐྱི་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཅེ་དབྱིན་གྱིས་ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།རང་རྒྱལ་གྱི་ནད་ཡམས་རིག་པའི་རྟོག་ཞིབ་ལས་མངོན་པ་ལྟར་ན།ཞིང་ཆེན་མི་འདྲ་བ་སོ་སོའི་མིག་སྐམ་ནད་འབྱུང་བའི་ཚད20%ནས60%ཡིན་པར་མ་ཟད།འབྱུང་ཚད་ཇེ་མཐོར་འགྲོ་བཞིན་པའི་སྒང་རེད།མིག་སྐམ་ནད་ཡང་བ་དང་འབྲིང་རིགས་ཀྱིས་མཐོང་ཤུགས་ཇེ་ཞན་དུ་འགྲོ་བ་དང་མིག་སྐམ་སྟེ་འཚོ་བའི་སྤུས་ཀར་གནོད་འཚེ་ཐེབས་པ་དང་།ལྕི་མོའི་རིགས་ཀྱིས་ད་རུང་མིག་སྐྱི་རུལ་ཏེ་ལོང་བར་འགྱུར་བའི་ཉེན་ཁའང་བསྐྱེད།
        མཚམས་སྦྱོར་བྱས་པ་ལྟར་ན།མིག་སྐམ་ནད་ནི་མིག་གི་མཆི་སྐྱི་སྙོམས་པོ་མ་ཡོང་བ་ལས་མིག་ངོས་ལ་གནོད་འཚེ་ཐེབས་པ་ཞིག་ཡིན་ལ།རྒྱུན་མཐོང་གི་ནད་རྟགས་ནི་མིག་གཉིས་སྐམ་པ་དང་མིག་ནང་དུ་བཙོག་དངོས་ཡོད་པའི་ཚོར་སྣང་འབྱུང་བ།མིག་དམར་པོར་འགྱུར་བ་དང་མིག་ཆུ་བཞུར་བ།མཐོང་ཤུགས་ཉམས་པ་སོགས་ཡིན་ལ།ཚབས་ཆེ་བའི་སྐབས་སུ་མིག་སྐྱི་ལ་གནོད་འཚེ་ཐེབས་ཏེ་མཐོང་ཤུགས་ཉམས་པ་རེད།མིག་སྐྱིའི་བརླན་གཤེར་ནི་གཙོ་བོ་མིག་གི་མཆི་སྐྱི་ལ་བརྟེན་ནས་བྱུང་བ་དང་།མཆི་སྐྱིའི་ཕྱི་ངོས་སུ“སྣུམ”རིམ་པ་གཅིག་ཆགས་ཡོད་ལ།དེས་མིག་ཆུ་རླངས་འགྱུར་འབྱུང་བར་བཀག་འགོག་བྱེད་ཀྱིན་ཡོད་པ་རེད།སྣུམ་དེའི་མིང་ལ་ཕོལ་ཚིལ་ཟེར་ཞིང་།མིག་ལྕིབས་གཤེར་རྨེན་ལས་ཟགས་ཐོན་བྱུང་བ་རེད།གལ་ཏེ་གཤེར་རྨེན་དེས་སྣུམ་ཟགས་ཐོན་བྱེད་མ་ཐུབ་ན།མིག་ལྕིབས་གཤེར་རྨེན་གྱི་བྱེད་ནུས་ཉམས་པའི་དབང་གིས་མིག་སྐམ་ནད་འབྱུང་བ་རེད།
        དགེ་རྒན་ཆེན་མོ་ཅེ་དབྱིན་གྱིས་བཤད་རྒྱུར།མིག་སྐམ་ནད་ཀྱི་འབྱུང་རྐྱེན་ལ་རྣམ་པ་སྣ་ཚོགས་ཡོད་མོད།འོན་ཀྱང་གཙོ་བོ་གཤམ་གྱི་ཕྱོགས་ལྔ་ཡིན།
        གཅིག འཚོ་བའི་གོམས་གཤིས་མི་ལེགས་པ།དཔེར་ན་དུས་ཡུན་རིང་པོར་གློག་ཀླད་དང་ལག་ཁྱེར་ཁ་པར།བརྙན་འཕྲིན་སོགས་ཀྱི་བརྙན་ཡོལ་ལ་བལྟས་པ་ལས་བྱུང་ཞིང་།དེའི་མིང་ལ་བརྙན་ཡོལ་མཐའ་སྣེའི་འདུས་ནད་ཟེར།
        གཉིས། མིག་ལ་གཤག་བཅོས་བྱས་པ། དཔེར་ན་མིག་ནད་ལིང་ཏོག་གི་གཤག་བཅོས་དང་།འོད་ཀྱོག་གཤག་བཅོས།མིག་མཐའི་མཛེས་བཟོ་གཤག་བཅོས་སོགས་ཀྱིས་མིག་མཐའི་བདེ་ཐང་ལ་གནོད་པ་ཐེབས་པ།
        གསུམ། མིག་ནད་བྱུང་བ། དཔེར་ན་མིག་སྐྱིའི་མཐའ་ཚད་དང་མིག་སྐྱིའི་གཉན་ཚད་སོགས་དང་།དེ་མིན་ད་རུང་གཅིན་སྙི་ཟ་ཁུ་དང་གྲུམ་བུ་སོགས་ལུས་པོའི་ནད་རིགས་ཀྱིས་མིག་ལ་གནོད་པ་ཐེབས་པ།
        བཞི། མིག་སྨན་གྱི་སྨན་ལོག་བྱུང་བ།དཔེར་ན་སྨན་རྫས་ཀྱི་རུལ་འགོག་རྫས་ཀྱི་གནོད་པ་ཐེབས་པ།
        ལྔ། ཁོར་ཡུག་གི་རྒྱུ་རྐྱེན།དཔེར་ན་མཁའ་དབུགས་སྐམ་ཤས་ཆེ་བ་དང་ཁོར་ཡུག་ལ་སྦགས་བཙོག་ཐེབས་པ།རླུང་གཡུག་པ་སོགས་དང་།དེ་ལས་ཀྱང་མཉམ་འཇོག་དགོས་པ་ཞིག་ནི་དྲོད་སྙོམས་ཁང་ཡང་མིག་སྐམ་ནད་འབྱུང་བའི་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།
        དགེ་རྒན་ཆེན་མོ་ཅེ་དབྱིན་གྱིས་དྲན་སྐུལ་བྱེད་ཀྱིན་པ་སྟེ།མིག་སྐམ་ནད་རྟགས་བྱུང་ན་ངེས་པར་དུ་ཚད་ལྡན་སྨན་ཁང་དུ་སོང་ནས་ནད་བཅོས་བྱེད་དགོས་པ་ལས།སྒེར་གྱི་སྨན་ཁང་དང་ཡང་ན་སྨན་བཅོས་ཐོབ་ཐང་དཔང་ཡིག་གང་ཡང་མེད་པའི་སྨན་ཁང་ནས་སྨན་བཅོས་བྱེད་མི་རུང་།མིག་སྔའི་ཚད་ལྡན་སྨན་ཁང་གི་སྲོལ་རྒྱུན་གསོ་བཅོས་བྱེད་ཐབས་ནི།ཚ་དུགས་བདུག་ལུམས་དང་མིག་ལྕིབས་གཤེར་རྨེན་འཕུར་མཉེད།མིག་སྐྱི་གཤེར་རྨེན་གཙང་སྦྲ་བྱེད་པ།མིས་བཟོས་མིག་ཆུ་བཀོལ་བ་སོགས་ལ་བརྟེན་ནས་མིག་སྐམ་ནད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་བ་རེད།
        དེའི་ནང་གི་དངོས་ལུགས་གསོ་བཅོས་ནི་མིག་སྐམ་ནད་ཀྱི་བཅོས་ཐབས་གལ་ཆེན་ཞིག་ཡིན།དགེ་རྒན་ཆེན་མོ་ཅེ་དབྱིན་གྱིས་བཤད་པ་ལྟར་ན།མིག་ལྕིབས་གཤེར་རྨེན་གྱི་བྱེད་ནུས་ཉམས་པའི་མིག་སྐམ་ནད་པར་དངོས་ལུགས་གསོ་བཅོས་བྱས་ན་ཕན་འབྲས་ཧ་ཅང་བཟང་བ་རེད།མོས་དུས་མཚུངས་སུ་ད་རུང་དེང་སྐབས་ཀྱི་དངོས་ལུགས་གསོ་བཅོས་ཀྱི་ནང་དུ་བདེན་རྫུན་གཉི་ག་ཡོད་པས།རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་ཡོད་པའི་ཚད་ལྡན་ཐོན་རྫས་སྤྱད་ན།ད་གཟོད་གསོ་བཅོས་ཀྱི་ཕན་འབྲས་དང་གསོ་བཅོས་ཀྱི་བདེ་ཐང་ལ་ཁག་ཐེག་བྱེད་ཐུབ་པས།དེ་ལ་དོ་སྣང་ལེགས་པོ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1