ཕ་ཡུལ།

སི་ཏ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


འཆར་སྒོ་ཞིག་གི་སྣེ་མོ་ནས། འཚོ་བ་ཞིག་གི་འགྲམས་ངོགས་སུ། ངས་ནམ་རྒྱུན་ཁྱེད་རང་བཙལ་ཞིང་ཁྱེད་རང་གླེང་།

རྨི་ལམ་ཞིག་གི་སྔ་ལྟས་བཞིན། དུས་ཚིགས་ཤིག་གི་བར་གསེབ་ནས་ངས་སྔར་བཞིན་ཁྱེད་རང་དྲན་ཞིང་ཁྱེད་རང་བོས། ཁྱེད་རང་སོང་ཤུལ་དུ། ན་ཟུག་ལྕི་མོ་ཞིག་ངའི་ལུས་ལ་འཐིམས་ཤིང་། གདུང་དབྱངས་གསར་བ་ཞིག་ངའི་སེམས་ལ་ཟུག་འོངས།

ཕལ་ཆེར། དེ་ནི་ཁྱེད་ཀྱིས་ང་ལ་གནང་བའི་གནར་གཅོད་ཀྱི་དྲི་བ་ཞིག་གམ། ཁྱེད་ཀྱིས་ང་ལ་བཞག་པའི་འགྲུལ་བཞུད་ཀྱི་གོམ་སྒྲ་ལྗིད་པོ་ཞིག་ཀྱང་ཡིན་ངེས། དུས་ཚོད་ཇི་ལྟར་རྒས་པའི་ཚུལ་གྱིས་སེམས་པ་འཁྱགས་འགྲོ་ལ། འདབ་ལོ་ཇི་ལྟར་ལྷུང་བའི་ཟོལ་གྱིས་སྟོན་ཀ་ལའང་འདི་ལྟར་འགྱུར་འགྲོ།

དྲན་པའི་རྒྱང་རིང་ནས་སེམས་པ་འདི་ཁྱོད་ཀྱི་དུས་བཞི་ལ་ཆགས་ཤིང་། དྲན་པའི་སྨྱུག་ཁ་ནས་སྙན་ངག་འདི་མནའ་ཚིག་ཅིག་རེད་ཨང་མེ་ཏོག་དང་སྐར་ཆེན། ས་སྲོད་དང་མཚམས་སྤྲིན། ཡང་ན་སྐྱ་ཐིང་ཐིང་ལོ་ཟླ་རལ་པོ་འུ་གཉིས་ཀྱི་མ་འོངས་པ་ཡིན་ལ། འཚོལ་དགོས་པ་ཡང་མ་ཡིན་ནམ། དུས་ཚོད་ཀྱི་ཁ་ཕྱོགས་ཤིག་གིས། བདག་སྒོ་འགྲམ་གྱི་ལྕང་སྡོང་དེར་ཁེན་ཏེ། ངའི་ལོ་ཟླའི་བསེབ་ཅིག་ནས་འདས་པ་ལ་ཕྱིར་འདང་རྒྱག་དུས།

མངར་སྐྱུར་འདྲེས་མའི་འཁོར་བའི་ཀློང་ནས་ཁྱོད་ཡོད་པས་བྱིས་དུས་ཀྱི་འུ་ཅག་ནི་བགད་ཆོག་ཆོག་གི་བདག་ཉིད་ཅན། ཁྱོད་རང་མ་གཞི་ནས་ལྷིང་འཇགས་ལ་དགའ་བས། ངའི་འཚོ་བའི་དད་པའམ་མུན་པའི་རི་རབ་བརྟོལ་བའི་འོད་ཕུང་། ངའི་ཡིད་ཀྱི་གཏིང་རིམ་ན་འབར་བའི་མེ་ལྕེའམ། དུས་གཞིའི་སོ་མཚམས་ནས་གྱེན་ལ་འགྲེང་བའི་རླུང་ཁའི་དར་ལྕོག་ལགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1