ཨ་མ་ལགས། ཁྱེད་ལ་བཤད་འདོད་པའི་སྐད་ཆ།

ཐོས་པ་དགའ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02



འདས་པའི་དུས་ཚོད་ཀྱི་ཅོང་སྒྲ་སྟེ་ཡང་ནས་ཡང་དུ་སྒྲོག་ལ། ཚེ་སྲོག་གི་འཁོར་ལོ་དེ་འགོག་ཐབས་མེད་པར་མདུན་དུ་བསྐྱོད། རྒྱུན་ཆད་མེད་པར་བཞུར་འགྲོ་བ་ནི། ཆུ་དང་རླུང་འདྲ་བའི་དུས་ཚོད་ཀྱི་བཞུར་རྒྱུན་ཡིན། དལ་གྱིས་བསྐྱོད་ཡོང་བ་ནི་ནམ་ཡང་ལྡོག་ཐབས་མེད་པའི་བདེ་སྐྱིད་ཀྱི་ཕྱིར་དྲན་རེད། བདག་གིས་རྡུལ་གྱིས་ཁེངས་བའི་སེམས་ཀྱི་སྒོ་མོ་དེ་ཕྱེ་ཐེངས་རེ་རེར། སྐད་ཆ་ལ་ལ་ཞིག་རང་དབང་མེད་པར་ཁྱེད་ལ་བཤད་འདོད།

ཨ་མ་ལགས། བདག་གིས་ཁྱེད་ལ་བཤད་འདོད་པ་ནི། ཁྱེད་ཀྱིས་ང་རང་གཉོར་སྐྱོང་བྱས་ཏེ་ལོ་མང་པོ་ཞིག་འགོར་ཡོད་ན་ཡང་། ངས་ཁྱེད་རང་གི་ནང་སེམས་དེ་རྒྱུས་ལོན་པ་ཞིག་གཏན་ནས་བྱས་མ་མྱོང་། དྲན་པའི་ངོགས་སུ། ཁྱེད་ཀྱི་ཁོམ་ལུང་མེད་པའི་གྲུབ་གཟུགས་དེ་ནམ་ཡང་ངའི་མཐའ་འཁོར་ན་འཁོར་བཞིན་འདུག་ལ། ནམ་རྒྱུན་ཐོས་པ་ནི་ཁྱིམ་མཚེ་དག་གིས་ཁྱེད་རང་ལ་བསྟོད་བསྔགས་བྱེད་པའི་སྐད་ཆ་རེད། དྲན་པའི་ངོགས་སུ། ཁྱེད་ཀྱི་སྐད་ཆ་བཤད་པར་མཁས་པའི་སྨྲ་ལྕེ་དག་པའི་ངག་སྒོ་དང་འཇམ་ལ་སྙན་པའི་སྐད་གདངས་དེ་དག་ནམ་ཡང་བདག་གི་སེམས་ཁུངས་ན་འོད་ཆེམ་ཆེམ་དུ་འཚེར་བཞིན་ཡོད།
ཡུམ་ཆེན་ལགས། བདག་གིས་ཁྱེད་ལ་བཤད་འདོད་པ་ནི། ནར་སོན་པའི་ལོ་ཟླའི་ཁྲོད་དུ། ངན་ལངས་དང་པྲ་ཆལ་གྱི་བྱ་སྤྱོད་གང་མང་ཞིག་གིས་ཁྱེད་རང་ཁོང་ཁྲོ་བསླངས་མྱོང་ལ། ཁྱེད་ཀྱིས་བདག་གི་ཆེད་དུ་བློས་བཏང་བ་ནི་སྒྲུབ་འོས་པ་ཞིག་ཡིན་པར་ཡང་འདོད་མྱོང་། ཡིན་ནའང་། ད་ལྟའི་ང་ནི་སྔོན་ཆད་ཀྱི་བསམ་མེད་བྱིས་པ་ཆུང་ཆུང་དེ་མིན་པར། རང་ཉིད་ཀྱི་གཤིས་ཀ་དང་སྒེར་ཚུགས་ཀྱི་བློ་སྟོབས། ད་དུང་དོར་མི་སྤོབས་པའི་ལ་རྒྱ་བཅས་ལྡན་པ་ཞིག་ཏུ་གྱུར་ཡོད། ང་རང་འདི་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་མ་ཡུམ་ཁྱེད་ཀྱི་གཏོང་ཕོད་ཀྱི་སྙིང་སྟོབས་དང་ཐབས་མཁས་ཀྱི་གཅེས་སྐྱོང་ལ་ཐུག ཁྱེད་ཀྱིས་ང་དང་བཅས་པའི་ཁྱིམ་ཚང་འདིའི་ཆེད་དུ་དཀའ་ལས་མང་དུ་མྱངས་བ་བརྗོད་ལས་འདས།

ཨ་མ་ལགས། བདག་གིས་ཁྱེད་ཀྱི་གཞན་ལས་ལྷག་པའི་གཏོང་ཕོད་ཀྱི་སྙིང་སྟོབས་དང་། ཡ་རབས་སྙིང་རྗེའི་སྤྱོད་བཟང་མངའ་བ་ལ་བསྟོད་བསྔགས་བྱེད་པ་དང་ཆབས་ཅིག་ཏུ་བཀའ་དྲིན་ཆེ་ཞུ། མ་ལོ་ལགས།



རྩོམ་ཡིག་སྔོན་མ།
ཕ་ཡུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1