གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༠༧ཉིན།

སྐབས་ལྔ་པའི་དགོན་སེར་དཔྱད་གླེང་ཚོགས་འདུ་མཇུག་བསྡུས་པ་སྟེ། ཆེད་མཁས་པ30ལྷག་ཙམ་གྱིས་མཐོང་སྣེ་དེ་ནས་ནང་བསྟན་ཀྲུང་གོ་ཅན་ལ་འགྲེལ་བརྗོད་གནང་པ།


          ལྷ་ལྡན་གཙུག་ལག་ཁང་དང་བསམ་ཡས་དགོན། དགའ་ལྡན་བྱིན་ཆགས་གླིང་སོགས་དགོན་སྡེའི་འཛུགས་སྐྲུན་ལ་བརྟེན་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་དཔྱད་བསྡུར་བྱས་ཤིང་།  འབྲུག་རིས་དང་ཚ་ཚ། སྒོ་བྱང་སོགས་དགོན་པའི་ཁོངས་གཏོགས་དངོས་རྫས་དཔེར་དྲངས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་སྟེ། ཟླ11པའི་ཚེས26ཉིན་ནས27ཉིན་བར་དུ། རྒྱལ་ནང་གི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། རིག་གནས་དངོས་མང་བཤམས་སྟོན་ལས་ཁུངས10ལྷག་ཙམ་ནས་ཕེབས་པའི་ཆེད་མཁས་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས། རྒྱ་བརྒྱུད་ནང་བསྟན་ཆོས་ལུགས། ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་བཅས་ཀྱི་བླ་མ་སྐྱེས་ཆེན་གྱི་འཐུས་མི50ལྷག་ཙམ། དེ་བཞིན་དྲ་ཐོག་བརྙན་ལམ་ནས་ཚོགས་འདུར་ཞུགས་མཁན་ཤང་ཀང་དང་ཧྲང་ཧའེ། ཀོང་ཀྲོའུ་བཅས་ས་ཁུལ་གསུམ་ནས་ཡོང་བའི་ཚོགས་ཞུགས་འཐུས་མི་རྣམས་སྐབས་ལྔ་པའི་དགོན་སེར་དཔྱད་གླེང་ཚོགས་འདུའི་སྟེང་མཉམ་དུ་འཛོམས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་དམིགས་ནས་དཔྱད་བསྡུར་དང་སྤེལ་རེས་གཏིང་ཟབ་གནང་པ་རེད། 

  སྐབས་ལྔ་པའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས། 

སྐབས་ལྔ་པའི་དགོན་སེར་དཔྱད་གླེང་ཚོགས་འདུའི་གཏམ་བཤད་པ་ཁག་ཅིག། 
          གླེང་སྟེགས་ཀྱི་ཡུལ་དངོས་སུ། ཚོགས་ཞུགས་འཐུས་མི35ཡིས་སོ་སོའི་དྲན་ཕྱོགས་ལྷུག་པོར་བརྗོད་དེ་མཁས་བརྒྱ་འགྲན་གླེང་གི་འཁྲུག་ཆ་ཧ་ཅང་དོད།
          པེ་ཅིང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེའི་འགན་གཅིག་ལྕོགས་བཞེས་མཁན་ལིའུ་ཅུན་གྱིས་དགའ་ལྡན་བྱིན་ཆགས་གླིང་གི་ཐེམ་ཡིག་གཞིར་བྱས་ཏེ་དེའི་བཀོལ་སྤྱོད་བྱེད་སྟངས་དང་བྱེད་ནུས། ཐེམ་ཡིག་གི་ནང་དོན། ཡི་གེའི་ཚིག་ཚོགས། དབྱིབས་བཟོའི་སྒྱུ་རྩལ་སོགས་ཀྱི་ཐད་ནས་ཆིང་རྒྱལ་རབས་སྐབས་ཀྱི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གནས་བབ་གསལ་བཤད་གནང་པ་དང་། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཀུན་བདེ་གླིང་དགོན་གྱི་མཁན་པོ་མོ་རི་ཀེན་ཐུའུ་ཡིས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཀུན་བདེ་གླིང་དུ་བོད་དང་རྒྱ་ནག རྒྱ་གར་གྱི་བཟོ་བཀོད་ཁྱད་ཆོས་གསུམ་འདུས་པར་དམིགས་ནས། ཨར་སྐྲུན་གྱི་ངོས་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་དེས་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་གོ་སྐབས་དེ་བས་མང་པོ་སྤྲད་ཡོད་པའི་སྐོར་དབྱེ་ཞིབ་གནང་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་འབུམ་རམས་ཕྱི་ཚར་ཞེ་ཅཱ་ཞིན་གྱིས་པེ་ཅིན་ཀྲི་ཧྭ་དགོན་པའི་ཟངས་ཀྱི་ཅོང་གི་ཡི་གེ་ལུགས་མའི་ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། མཎྜལ་གྱི་བར་སྟོང་བཀོད་སྒྲིག་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་ཟངས་ཀྱི་ཅོང་གིས་མཚོན་པའི་ཆོས་ལུགས་རིག་གནས་ཀྱི་ནང་དོན་གསལ་འགྲེལ་བྱས་པ་དང་། ནང་བསྟན་རིག་གནས་དང་ཀྲུང་ཡོན་རིག་གནས་གཉིས་བསམ་བློའི་སྟེང་དང་སྒྱུ་རྩལ་སྟེང་མཉམ་འདྲེས་གསལ་སྟོན་གནང་པ་རེད། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྒྱ་ཡིག་རྩོམ་སྒྲིག་པུའུ་ཡི་ལག་བསྟར་རྩོམ་སྒྲིག་པ་གཙོ་བོ་དབྱི་ཝུན་ཝུན་གྱིས་དགའ་ལྡན་དགོན་པའི་བཟོ་སྐྲུན་གྱི་བཟོ་དབྱིབས་དང་ཚོན་མདོག  བྱེད་ནུས། ཆོས་ལུགས་གོ་གནས་བཅས་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་ཐོག རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་དེའི་རྗེས་རབས་ལ་ཐེབས་པའི་ཤུགས་རྐྱེན་རྒྱས་བཤད་བྱས་པ་བརྒྱུད། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་རྒྱས་བཤད་དང་ཆོས་སྦྱོང་ལམ་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་དང་དེའི་ཁྱད་ཆོས་གསལ་བཤད་བྱས་པ། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དོ་དམ་ཁྲུའུ་ཡི་འགྲེལ་བཤད་པ་ཧོང་ཝུན་གྱིས་དགའ་ལྡན་བྱིན་ཆགས་གླིང་གི་ཆོས་འཁོར་ཕོ་བྲང་ནང་གི་མཆོད་ཆས་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། རྒྱ་བོད་རིག་གནས་དེ་དགའ་ལྡན་བྱིན་ཆགས་གླིང་གི་བཟོ་སྐྲུན་དང་རྒྱན་སྤྲས། སྐུ་བརྙན་མཆོད་ཆས་བཅས་སྟེང་ཕུན་སུམ་ཚོགས་པའི་མཉམ་འདྲེས་དང་མངོན་ཚུལ་རྒྱས་བཤད་གནང་པ་རེད། 

དཔྱད་གླེང་ཚོགས་འདུའི་ཡུལ་དངོས། 

དགོན་སེར་གླེང་སྟེགས་ཀྱི་ཡུལ་དངོས། 
          ཀྲུང་དབྱང་མི་རིགས་སློབ་ཆེན་མཚན་ཉིད་རིག་པ་དང་ཆོས་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་པའོ་ཀུའེ་ཀྲེན་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་ཧྭ་རིག་གནས་ཞིབ་འཇུག་ཁང་གི་གླིང་གཙོ་ལིའུ་ཁྲེང་ཡིའུ་ཡི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཞིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རིག་གནས་འཛུགས་སྐྱོང་ཐད་བཀོད་སྒྲིག་གསར་པ་བྱས་ཏེ་རིག་གནས་ཞིབ་འཇུག་དང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས“དགོན་སྡེའི་བཟོ་སྐྲུན་ཐད་ནས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ལྟ་བ”ཞེས་པ་བརྗོད་གཞིར་བཟུང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་གཙོ་རྐང་དེར་དམིགས་ནས་གྲོས་བསྡུར་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ནང་བསྟན་རིག་གནས་ཀྱི་མཐུན་སྦྱོར་དང་ཞི་མཐུན་ལ་སྐུལ་འདེད་བཏང་ཡོད་ཅེས་བསྟན། 
          དཔྱད་གླེང་ཚོགས་འདུའི་མཇུག་བསྡུ་བའི་མཛད་སྒོའི་སྟེང་།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཕུང་གིས་ཕྱོགས་སྡོམ་གཏམ་བཤད་གནང་དོན། ད་ཐེངས་ཀྱི་དཔྱད་གླེང་ཚོགས་འདུ་ནི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་རྒྱབ་ལྗོངས་འོག “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཏེ། ཚོགས་ཞུགས་སྐུ་མགྲོན་གྱི་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ཏེ་རང་རྒྱལ་གྱི་དགོན་སྡེའི་འཛུགས་སྐྲུན་དང་ནང་བསྟན་ཀྲུང་གོ་ཅན་གྱི་ནང་གནས་འབྲེལ་བར་འགྲེལ་བཤད་དང་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ཅིང་། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་བགྲོད་ལམ་ཞིག་ཡིན་ལ་དེར་མཐའ་མཇུག་མེད་པར་ནམ་ཡང་སྤེལ་བའི་སྒང་ཡིན། དགོན་པའི་འཛུགས་སྐྲུན་གྱིས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་བདེན་དཔང་བྱས་ཡོད་ཅིང་། དུས་སྐབས་མི་འདྲ་བར། དགོན་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། དེ་ལྟར་ནའང་ཚང་མ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པ་དང་ཀྲུང་ཧྭ་མི་རིགས་མཉམ་འདྲེས་ཀྱི་བདེན་དཔང་ཞིག་རེད། དུས་མཚུངས་སུ། དགོན་སྡེའི་འཛུགས་སྐྲུན་ལ་ལྡན་པའི་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ནི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་ཤིག་ཡིན་ལ་དུས་རབས་གསར་པའི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་འགོ་འཛུགས་ས་ཞིག་ཀྱང་རེད། དེ་ཡང་དགོན་སེར་ནུབ་མ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོའི་དཔང་པོ་ཡིན་པ་ནང་བཞིན། ལོ་རྒྱུས་ཀྱི་མཐའ་སྣེ་ཞིག་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གཞན་ཞིག་གི་འགོ་བཙུགས་ཏེ་དུས་རབས་གསར་པར་དགོན་སེར་ནུབ་མར་ལོ་རྒྱུས་ཀྱི་ལས་འགན་གསར་པ་སྤྲད་ཡོད་ཅེས་བསྟན་ལ། ཁོང་གིས་དགོན་སྡེའི་འཛུགས་སྐྲུན་ལ་རྒྱལ་སྲུང་དང་དམངས་སྐྱོང་། ཆོས་སྐྱོང་བཅས་ཀྱི་ནུས་པ་གསུམ་ཁོང་དུ་ཡག་པོ་ཆུད་པ་ཡིན་ན་དགོན་སྡེའི་འཛུགས་སྐྲུན་དེ་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ནམ་ཡང་གཟི་མདངས་འཕྲོ་ངེས་ཞེས་ནན་གྱིས་གསུང་ཞིང་། མཇུག་མཐར་ཆེད་མཁས་དང་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་དེ་བས་མང་པོས་དགོན་སེར་དཔྱད་གླེང་ཚོགས་འདུ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བྱས་རྗེས་འཇོག་དགོས་ཞེས་བསྟན་པ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1