རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-10


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་8ཉིན་སློབ་གསོ་པུས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་ཟིན་པ་དང་། མིག་སྔར་རྒྱལ་ཡོངས་སུ་ལས་རིགས་སློབ་གྲྭ་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བྱེ་བ་གཉིས་དང་ས་ཡ་བརྒྱད་ལས་བརྒལ་ཡོད་ཅེས་བསྟན་ཡོད།
        སྤྱི་ལོ་2019ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་ཞེས་པའི་ནང་། ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་ནི་སློབ་གསོའི་རིགས་མི་འདྲ་བ་གཉིས་ཡིན་པས་གནས་བབ་གལ་ཆེན་གཅིག་མཚུངས་ལྡན་ཡོད། ལས་རིགས་སློབ་གསོ་ནི་རང་རྒྱལ་གྱི་སློབ་གསོའི་མ་ལག་ཁྲོད་སློབ་གསོའི་རིགས་རྐྱང་པ་ཞིག་ཡིན་པ་དངོས་སུ་གཏན་འཁེལ་བྱས་ཡོད་ཅེས་བསྟན་ཡོད། སློབ་གསོ་པུའི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་སིའི་སི་ཀྲང་ཁྲེན་ཙེ་ཅི་ཡིས། སློབ་གཉེར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཇོན་ཐང་གཉིས་ལྡན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་སྐྲུན་པ་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར། རྒྱལ་ཡོངས་སུ་ལས་རིགས་སློབ་གྲྭར་མཐོ་རིམ་ལས་རིགས་སློབ་གྲྭ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བྱེ་བ་གཉིས་དང་ས་ཡ་བརྒྱད་དང་ལྔ་འབུམ་བདུན་ཁྲི་ཡོད་ཅེས་བསྟན་ཡོད་པ་རེད།
        སྤྱི་ལོ་2019ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་ས་ཡ་གཅིག་བསྡུ་རྒྱུ་མང་དུ་གཏོང་དགོས་ཞེས་བཏོན་ཡོད། སྤྱི་ལོ་2020ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། འདི་ལོ་དང་སང་ལོར་མུ་མཐུད་སློབ་མ་ས་ཡ་གཉིས་བསྡུ་རྒྱུ་མང་དུ་གཏོང་དགོས་ཞེས་སླར་ཡང་བཏོན་ཡོད། ཁྲེན་ཙི་ཅི་ཡིས། མིག་སྔར་རིམ་པ་དབྱེ་བའི་སློབ་བསྡུའི་འཆར་གཞི་དང་། རིགས་དབྱེ་བའི་རྒྱུགས་སྤྲོད་གདེང་འཇོག ཁག་དབྱེ་བའི་འདེམས་སྒྲུག་བསྡུ་ལེན་བཅས་ཀྱི་བྱ་ཐབས་བརྒྱུད་ཆ་རྐྱེན་འཛོམས་པའི་མི་དེ་བས་མང་བར་མཐོ་རིམ་ལས་རིགས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་སྤྲོད་བཞིན་ཡོད། སློབ་མ་བསྡུ་རྒྱུ་མང་དུ་བཏང་རྗེས་སློབ་ཁུངས་སྔར་བས་སྣེ་མང་ཅན་དུ་འགྱུར་རྒྱུ་ཡིན་ཞིང་། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ། དམག་ཞབས་ཐིམས་པའི་དམག་མི། ལས་བྲལ་དང་ལས་ཤོར་མི་སྣ། ཞིང་པ་ལས་མི། བྱང་ཚད་མཐོ་བའི་ཞིང་པ། ལས་ཐོག་ཁེ་ལས་ཀྱི་ལས་བཟོ་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
        ཁྲེན་ཙི་ཅི་ཡིས། ལས་རིགས་མི་འདྲ་བའི་ཁ་ཕྱོགས་ལ་དམིགས་ནས། རིགས་དབྱེ་ནས་ཤེས་ལྡན་མི་སྣའི་གསོ་སྐྱོང་ཇུས་གཞི་བཟོས་ཏེ་རང་གཤིས་ཅན་དང་ཚལ་ཐོ་རྣམ་པའི་གསོ་སྐྱོང་བྱེད་སྟངས་མཁོ་འདོན་བྱེད་དགོས། དཔེར་ན། དམག་ཞབས་ཐིམས་པའི་དམག་མི་དང་། ལས་བྲལ་དང་ལས་ཤོར་མི་སྣ། ཞིང་པ་ལས་མི་སོགས་ལ་ཡུལ་སྐོར་བ་མང་བའི་དུས་སུ་ལས་ཀ་བྱེད་པ་དང་ཡུལ་སྐོར་བ་ཉུང་བའི་དུས་སུ་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་ཁྲིད་བྱེད་དགོས། དེ་དང་ཆབས་ཅིག་བབ་བསྟུན་གྱི་སློབ་གྲྭའི་ལམ་ལུགས་དང་། བབ་བསྟུན་གྱི་སློབ་དུས། བབ་བསྟུན་གྱི་སློབ་ཁྲིད་དུས་ཡུན་བཅས་ལག་ལེན་བསྟར་བ་དང་། སློབ་ཡུན་ལོ་གསུམ་ནས་དྲུག་བར་ཡིན་ཞེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1