ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་སུ་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་དེ་ཟླ12པའི་ཚེས14ཉིན་པེ་ཅིང་དུ་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་སུ་ཤིས་ཚིག་ཕུལ།
        ཞི་ཅིན་ཕིང་གིས་བསྟན་དོན། དབུལ་བོ་མེད་པར་གཏོང་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་པ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བཟུང་ཡོད་མ་ཟད། དུས་ཡུན་རིང་བོར་འབད་བརྩོན་བྱེད་བཞིན་ཡོད། 2012ལོར་ཀྲུང་གོས་དུས་སྔོན་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་རྨང་གཞིའི་སྟེང་། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གཡུལ་འཐབ་ཀྱི་འགོ་བརྩམས། ལོ་ངོ8རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། ད་ལོར་ཀྲུང་གོའི་ད་ལྟ་ལག་ལེན་བྱེད་བཞིན་པའི་ཚད་གཞི་ལྟར་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱུང་ཞིང་། དབུལ་ཕོངས་རྫོང་ཚང་མས་དབུལ་བོའི་ཞྭ་མོ་ཕུད་པ་མ་ཟད། ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར1ལ་ཉེ་བའི་དབུལ་ཐར་མངོན་འགྱུར་བྱས་ནས། འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་ལས་དོན་ཐད་ནས་མཛད་རྗེས་ཆེན་པོ་བཞག ཀྲུང་གོས་མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་འབྲས་བུ་སྲ་བརྟན་དང་རྒྱ་བསྐྱེད་དེ། མཉམ་དུ་འབྱོར་ཕྱུག་དང་མུ་མཐུད་དུ་དམངས་ཚིས་བདེ་སྐྱིད་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས། རིམས་ནད་ནི་སྔར་བཞིན་འཛམ་གླིང་གི་གང་སར་ཁྱབ་བཞིན་ཡོད་པས། དབུལ་པོ་ཉུང་གཏོང་གི་ལས་དོན་ཐད་སླར་ཡང་འགྲན་རྩོད་དང་འཕྲད་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་གོམ་སྟབས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་པས། གླེང་སྟེགས་དང་ཚོགས་ཞུགས་མི་སྣས་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་བརྗེ་རེས་དང་ཐུན་མོང་གི་འདོད་བློ་གཅིག་སྒྲིལ་གྱིས་ཡིད་ཆེས་བརྟན་པོས་དབུལ་པོ་ཉུང་གཏོང་ལ་བློ་གྲོས་དང་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1