སི་ཁྲོན་གྱི་འཕུར་སྐྱོད་པ་ཞིག་ལ་ནད་འགོས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-16


        སྤྱི་ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོའི་ཐོག །སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཛ་དྲག་ཚོགས་འདུ་འཚོགས་ནས། སྤྱི་ཚེས་14ཉིན་གྱི་ཆུ་ཚོད་22དང་སྐར་མ་22ཐོག་སི་ཁྲོན་མཁའ་འགྲུལ་སྤྱི་གཉེར་ཁང་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་གནམ་གྲུའི་འཕུར་སྐྱོད་པ་གཅིག་ལ་ཏོག་གསར་གློ་ཚད་འགོས་ཡོད་པ་བརྡ་ཁྱབ་བྱས་པ་རེད།
        འཕུར་སྐྱོད་པའི་མིང་ལ་ཀའོ་ཆེ་གེ་མོ་བཏགས། ཕོ། ལོ་26ཡིན། སྤྱི་ཟླ་11པའི་ཚེས་29ཉིན་ལུའོ་ཧྲན་ཅི་ནས་ཁྲེང་ཏུའུ་རུ་འཕུར་ཏེ་གཅིག་སྡུད་ལོགས་བཀར་བྱས་ནས་ཉིང་སྐྱུར་ཞིབ་དཔྱད་བྱེད་སྐབས་སྲིབ་གཤིས་ཡིན་པ་རེད། དེའི་རིང་། སྤྱི་ཟླ་12པའི་ཚེས་9ཉིན་ཁྲེང་ཏུའུ་ནས་ཅི་ནན་དང་ཅི་ནན་ནས་ཁྲེང་ཏུའུ་བར་གྱི་ལས་འགན་བསྒྲུབས་རྗེས། མུ་མཐུད་དུ་སྤྱི་ཟླ་12པའི་ཚེས་12ཉིན་བར་ལོགས་སུ་བཀར། རང་གིས་རླངས་འཁོར་བསྐོར་ནས་མན་དབྱང་ཅང་ཡིའུ་ལ་སོང་ནས་མི་300ཡོད་པའི་གཉེན་སྟོན་ཞིག་ལ་ཞུགས། སྤྱི་ཟླ་12པའི་ཚེས་14ཉིན་ཧྭ་ཞི་སྨན་ཁང་དུ་སྨན་བསྟེན་ནས་CTརྒྱུན་ལྡན་མིན་པ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་སྐབས་གདགས་གཤིས་ཡིན་པས། འཕྲལ་དུ་ནད་འགོས་པ་གཏན་ཁེལ་བྱས།
        མིག་སྔར། འཕུར་སྐྱོད་པའི་སྡོད་གནས་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཅིན་ཡུས་ཤིས་ལིང་སྡོད་ཁུལ་སྒོ་བརྒྱབ་ཡོད། གཉེན་སྟོན་དུ་ཞུགས་པའི་མི་རྣམས་ལོགས་སུ་བཀར་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། ཅང་ཡིའུ་ཕུའུ་ཅིན་པ་ཏེང་མགྲོན་ཁང་སྒོ་བརྒྱབ་ཡོད་པ་རེད།  མན་དབྱང་གིས་གནས་ཚུལ་གསར་བསྒྲགས་བྱས་པར་གཞིགས་ན། གཉེན་སྟོན་སྐབས་འཕུར་སྐྱོད་པ་དང་འབྲེལ་འདྲིས་དམ་ཟབ་བྱས་པའི་མི་22ཚང་མ་ལོགས་སུ་བཀར་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1