ཁམས་པའི་མཐོ་སྒང་དུ་གཞི་ཚུགས་ནས་འབད་འཐབ་ཀྱི་ཆོད་སེམས་ལྷོད་མེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-28



སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་སྔོན་ཐོན་མི་སྣ་ལི་ཧྭ་ནེང་གི་གནས་ཚུལ་རགས་བཀོད།

ཁམས་པའི་མཐོ་སྒང་དུ་གཞི་ཚུགས་ནས་འབད་འཐབ་ཀྱི་ཆོད་སེམས་ལྷོད་མེད།
པར་གྱི་དཀྱིལ་མ་དེ་ལི་ཧྭ་ནེང་རེད།


འབྲི་ཆུའི་ངོགས་རྒྱུད་ནས་གངས་ཆུ་བརྒྱུད་ཡུལ་དུ་སླེབས། བཟི་ཉམས་ཀྱིས་ཕྱུག་པའི་གྲོང་ཁྱེར་ནས་མཛའ་གཞས་ཆོལ་ཁ་རུ་ཐོན། A4རིམ་པའི་མཛེས་ལྗོངས་ཁུལ་ནས་གནའ་ཉམས་གོམས་འདྲིས་ཀྱིས་ཕྱུག་པའི་གྲོང་རྡལ་ཆུང་ངུའི་ནང་གོམ་སྟབས་བཅགས་ནས་ཁོས་འཕེལ་ཁ་དར་བའི་དར་མདོར་ལས་ཞུགས་གསར་གཏོད་བྱས་ཏེ་དབུལ་སྐྱོར་དཀའ་སེལ་བྱས་ཕྱིར་དར་མདོའི་རི་ཀླུང་ཡོངས་སུ་བསྐོར་བ་ནི་དར་མདོའི་མང་ཚོགས་དབུལ་པོའི་ཁོའི་སེམས་ནང་ཡོད་པའི་བྱ་སྤྱོད་ཅིག་རེད། ཁོ་ནི་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན། དར་མདོའི་མི་ཉག་ཚེ་རྡོར་ཡུལ་སྐོར་མ་རྐང་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ལས་འཛིན་པ། དར་མདོའི་ཨང་དང་པོ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་གི་ལག་བསྟར་ལས་འཛིན་པ། སི་ཁྲོན་ཞིང་ཆེན་དབུལ་ཐར་སྔོན་ཐོན་མི་སྒེར་ལི་ཧྭ་ནེང་རེད། ཁོ་ནི་མཐོ་སྒང་ལ་བདེ་དྲོད་སྟེར་མཁན་གྱི་དབུལ་ཐར་འཇོན་ནུས་ཅན་ལུའུ་ཀྲོའུ་ནས་ཡོང་བའི“དར་མདོའི་གཞིས་མི”ཞིག་ཡིན་པ་རེད།

མཛེས་ལྗོངས་ལ་འབྲེལ་འདྲིས་ཆགས་ནས་བྱ་བ་ལམ་དུ་འགྲོ།

ལི་ཧྭ་ནེང་འབྲི་ཆུའི་ངོགས་རྒྱུད་དུ་འཚར་ལོངས་བྱུང་བའི་ལུའུ་ཀྲོའུ་ཡི་ཕོ་རྒོད་ཅིག་ལེ་བར་སྟོང་ཙམ་རྒྱང་བའི་དར་མདོ་ལ་གཞིས་ཆགས་དོན་ཅི་རེད་ཅེ་ན།

གཏམ་རྒྱུད་དེ2007ལོ་ནས་བཤད་དགོས་པ་རེད། 2007ལོར་ལི་ཧྭ་ནེང་ཧྲའན་ཞི་གནམ་གྲུ་ཐང་འཛུགས་སྐྲུན་སྤྱི་གཉེར་ཁང་དང་མཉམ་དུ་དར་མདོའི་རྒྱུ་ལ་རི་མགོའི་དར་མདོའི་གནམ་གྲུ་ཐང་བསྐྲུན་དུ་ཡོང་། མ་གཞི་བཤད་ན་ཁོས《དར་མདོའི་མཛའ་གཞས》ནས་དར་མདོར་ངོས་འཛིན་ཕྲན་བུ་ཆགས་མྱོང་མོད། དངོས་ནས་དར་མདོ་རུ་སླེབས་སྐབས་གངས་ལྗོངས་མཐོ་སྒང་གི་ཡིད་དབང་འཕྲོག་ཤུགས་ཁོས་གཞི་ནས་མྱོང་ཚོར་བྱུང་། བརྗིད་དུ་ཆགས་པའི་གངས་རི་དང་། མུ་མཐའ་མེད་པའི་ནགས་ཚལ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། དྭངས་ཤིང་གཙང་བའི་མཚོའུ་བཅས་ནི་མི་རྣམས་ཡིད་སྨོན་ཤོར་ངེས་ཡིན་པ་རེད་ཅེས་ལི་ཧྭ་ནེང་གིས་ཁོའི་དང་ཐོག་གི་མྱོང་ཚོར་བཤད་པ་རེད།

དར་མདོ་ལ་མཛེས་སྡུག་ལྡན་པའི་རང་བྱུང་སྐྱེ་ཁམས་དང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིག་གནས་སྣ་ཚོགས་ཀྱི་ཐོན་ཁུངས་འཛོམས་ཡོད་པར་བརྟེན། ཁོས་མི་ཉག་རིག་གནས་ལྟེ་བའི་ཁུལ་འགག་པ་ཡུལ་ཤོག་མགོ་བཏགས་སྨད་པ་གྲོང་སྡེའི་དུད་ཚང་དུ་བསྐྱོད་དེ་བོད་རིགས་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་ཀྱི་གནས་ཚུལ། དམངས་ཀྱི་བསམ་འདུན་རྒྱུས་ལེན་བྱས་དུས་ས་གནས་དེ་གའི་གྲོང་མི་མང་པོའི་སྤྲོ་སེམས་འཕེལ་བའི་ངང་ནས་རོགས་རམ་བྱས་ཡོད་པ་དང་ཆབས་ཅིག ས་གནས་དེ་གའི་བབ་ཆགས་དམངས་སྲོལ་གྱིས་ཁོ་ལ་སེམས་འགུལ་ཐེབས་བཅུག་ནས་ས་གནས་དེ་གའི་མང་ཚོགས་དང་མཛའ་གྲོགས་ཀྱི་བརྩེ་དུང་ཟབ་མ་ཆགས་པ་རེད།

2008ལོར་ལི་ཧྭ་ནེང་གིས་སྒོར་ཁྲི30ལྷག་ཙམ་བཏང་སྟེ་ཨར་འདམ་གཞུང་ལམ་སྤྱི་ལེ7བསྐྲུན་ནས་གྲོང་མི་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད། ཁོས་མ་སྐུལ་དང་བླངས་ཀྱིས་ལུའུ་ཀྲོའུ་སློབ་འབྲིང་བདུན་པའི་ཅ་ཏེ་སློབ་གྲྭ་དང་འབྲེལ་བ་བྱས་ཏེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ5ལུའུ་ཀྲོའུ་ལ་སློབ་སྦྱོང་བྱ་བཅུག་པ་དང་དུས་མཚུངས་སུ། སློབ་མ་རེ་ལ་ལོ་རེར་འཚོ་བའི་གྲོན་དངུལ་སྒོར་ཁྲི3རེ་ཁ་གསབ་བྱས་པ་རེད། གྲོང་སྡེའི་མང་ཚོགས་དབུལ་པོ་ནང་ལོགས་སུ་སྨན་བཅོས་བྱེད་སར་སྐྱོད་སྐབས་ཁོ་ལ་ཁ་པར་བརྒྱབ་ཚེ་ཁོས་སྨན་ཁང་དང་འབྲེལ་བ་བྱས་ཏེ་མི་ཚོར་ཕན་པ་ཆེན་པོ་ཐོགས་པ་རེད། ཁོས་ཅི་འདྲ་བྱས་ནས་ད་གཟོད་ཁོ་ཚོ་དབུལ་ཕོངས་ལས་ཐར་ཐུབ་པ་དང་། བདེ་སྐྱིད་དང་འབྱོར་ཕྱུག་ལྡན་པའི་འཚོ་བ་རོལ་ཐུབ་པ། ཅི་འདྲ་བྱས་ན་གཞི་ནས་གྲོང་མི་དེ་དག་དབུལ་ཐར་ཐུབ་པ་དང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་རྒྱུར་ནམ་རྒྱུན་བསམ་བློ་བཏང་ཞིང་བྱེད་ཐབས་འཚོལ་ཞིབ་བྱས་པ་རེད།

མགོ་བཏགས་སྨད་པ་གྲོང་སྡེ་ནི་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་ཡུལ་གྱི་དར་མདོའི་གྲོང་ཁྱེར་རྒྱུ་ལའི་རི་འདབས་སུ་ཆགས་ཡོད་ཅིང་། མཛེས་ལྗོངས་ཁུལ་གྱི་མཚོ་འཕགས་སྨི3200ནས4600བར་ཡིན་པ་རེད། སེམས་ཀྱི་ཉི་ཟླ་དང་འོད་ཕྱུག་མཚོ། ལྷ་སྒང་རྩྭ་ཐང་དང་ར་རྔ་ཁ་མཛེས་ལྗོངས་ཁུལ་བཅས་སུ་སྐྱོད་དུས་བརྒྱུད་དགོས་ངེས་ཀྱི་ས་གནས་ཤིག་ཡིན་ཞིང་། དར་རྩེ་མདོའི་གྲོང་ཁུལ་དང་སྤྱི་ལེ50ཙམ་དང་རྒྱང་བ། དར་མདོའི་གནམ་གྲུ་ཐང་དང་སྤྱི་ལེ13ལས་མི་རྒྱང་བས་ཡུལ་སྐོར་གསར་སྤེལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པར་བརྟེན། ས་གནས་འདི་མཛེས་ལྗོངས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་ཐུབ་སོང་ན། ཡུལ་སྐོར་བ་མང་པོ་ཞིག་གིས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་འོད་སྟོང་འཕྲོ་བའི་རིག་གནས་མཉམ་སྤྱོད་ཐུབ་རྒྱུ་ཡིན་ལ། ལས་ཞུགས་ཀྱི་ལས་གནས་གསར་གཏོད་བྱ་ཆོག་པས་ན་གྲོང་མི་དབུལ་པོ་དབུལ་ཐར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་ཀུན་འཛོམས་ཀྱི་བྱ་བ་བཟང་པོ་ཞིག་མ་རེད་དམ།

ལི་ཧྭ་ནེང་གིས་དེ་མ་ཐག་ཏུ་ཆེད་རམས་པ་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་རྟོག་ཞིབ་སྔོན་ཚོད་བྱས་པ་དང་གསར་སྤེལ་ཇུས་གཞི་བཟོས་པ་རེད། གསར་སྤེལ་མ་དངུལ་གྲབས་གསོག་བྱས་ནས་ལས་མགོ་འཛུགས་རྒྱུའི་དུས་ཚོད་གཏན་འཁེལ་བྱ་རྒྱུ་བཅས་གྲ་སྒྲིག་ཞིབ་ཚགས་བྱས་པར་བརྒྱུད། 2014ལོར་མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཚད་ཡོད་ཐོན་ཁུངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ130དང་འབྲེལ་བ་ཡོད་པའི་མི་ཉག་གནས་མཆོག་སྐྲུན་མགོ་བཙུགས་ཡོད་པ་རེད། 2017ལོར། མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་སྒོ་ཕྱེ་ནས་ཡུལ་སྐོར་འགྲུལ་པ་སྣེ་ལེན་བྱས་ཤིང་། རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་གྱི་མི་ཉག་གནས་མཆོག་དེ་དཀར་མཛེས་ཁུལ་གྱི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་ལྗོངས་ཟུང་དུ་འབྲེལ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པོར་གྱུར་ཡོད། རྒྱལ་ཡོངས་སུ་བོད་རིགས་ཀྱི་མི་ཉག་རིག་གནས་ཀྱིས་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཡུལ་སྐོར་གླིང་ཁུལ་ཐོག་མ་དེ་ཡིན་ལ། རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཀྱང་ཡིན་པ་རེད།

ལི་ཧྭ་ནེང་གིས་དེ་ནི་ལས་དབང་ཞིག་ཡིན། ཁོ་མི་ཚེའི་ནང་མཛེས་ལྗོངས་དེ་དང་ཐུག་འཕྲད་ཐེངས་གཅིག་གིས་ཁོ་དང་དར་མདོ་བར་འབྲེལ་བ་ཟབ་མོ་ཆགས་ཡོད་ཅེས་མྱོང་ཚོར་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

དོན་གཉེར་དངོས་སྒྲུབ་བྱས་ནས་དམངས་འཚོར་ཕན་པ་བསྐྲུན།

ལི་ཧྭ་ནེང་གིས་བྱ་བ་བསྒྲུབ་ན་མི་ཚད་ལྡན་ཞིག་བྱེད་དགོས་རྒྱུ་ནི་ངེས་པར་དུ་ཡིད་རྟོན་རྩ་བར་འཛིན་དགོས་ཞེས་བཤད་པ་རེད། དེར་བརྟེན། གྲོང་སྡེའི་མཉམ་སྡེབ་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་། མང་ཚོགས་ལས་ཞུགས་བྱེད་བཅུག་པ། གྲོང་སྡེའི་རྨང་གཞི་ལེགས་བཅོས་བྱས་པ་སོགས་ཁེ་ལས་ཀྱིས་ཁས་ལེན་བྱས་རྗེས་ལི་ཧྭ་ནེང་གིས་ཡོད་དགུ་སྐྱིན་ཚབ་འཇལ་དགོས་ནའང་ཁ་བཤད་ལག་བསྟར་བྱས་པར་བརྟེན། མི་ཉག་གནས་མཆོག་མཛེས་ལྗོངས་ཁུལ་གྱི་གསར་སྤེལ་གྲུབ་འབྲས་ཐོབ་པ་དེ་ནི་ཡིད་རྟོན་གཉེར་སྐྱོང་ལས་བྱུང་བ་ཞིག་རེད།

བཤད་རིན་ཡོད་པ་ཞིག་ནི་ལི་ཧྭ་ནེང་གིས་ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། འབྲོག་ཁུལ་མཛེས་ལྗོངས་ཁུལ་དུ་བསྒྱུར་བ། འབྲོག་པ་མ་རྐང་ཉོ་མཁན་དུ་བསྒྱུར་བ་བཅས་ཀྱི་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.8བཏང་ནས་མགོ་བཏགས་སྨད་པ་གྲོང་སྡེའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་བྱས་པ། གྲོང་སྡེ་མཉམ་སྡེབ་ཀྱིས་མཉམ་སྡེབ་རྒྱུ་ནོར་མ་རྐང་ནང་ཞུགས་ནས་མ་མཐའི་ཁེ་སྤོགས་བགོ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་ལོ་ལྟར་ལོ་མཇུག་ཏུ་ཁེ་སྤོགས་སྒོར་ཁྲི85བགོ་བཤའ་རྒྱག་གི་ཡོད་པ་རེད། མིག་སྔར་གྲོང་སྡེའི་མི40ལྷག་མཛེས་ལྗོངས་ཁུལ་གྱི་ལས་མིར་གྱུར་ཡོད། དེའི་ནང་དབུལ་སྐྱོར་བྱ་ཡུལ་མི15ཡོད། སྤྱི་གཉེར་ཁང་གིས་ལོ་འཁོར་གྱི་གཏོང་སྒོ་སྒོར་ཁྲི100ལྷག་ཙམ་ལ་ཟིན་ཡོད། སྤྱི་གཉེར་ཁང་གིས་ལོ་རེར་མ་དངུལ་སྒོར་ཁྲི40ལྷག་ཙམ་བཏང་ཡོད། མགོ་བཏགས་སྨད་པ་གྲོང་སྡེ་དང་པོ་དང་གྲོང་སྡེ་གཉིས་པའི་དུད་ཚང163གྱི་འབྲོག་པ་མི733ཚང་མ་སྨན་བཅོས་འགན་བཅོལ་དང་རྒན་རྒོན་མི་སྣའི་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ཉོས་ཚར་བ། གྲོང་མིའི་རྒན་གསོ་དང་སྨན་བཅོས་འགན་ལེན་གྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་པ་རེད།

ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སྔོན་ཆད་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་མི་ཉག་མཛེས་ལྗོངས་ཁུལ་ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་། འབྲོག་ཁུལ་མཛེས་ལྗོངས་ཁུལ་དུ་འགྱུར་བ། འབྲོག་པ་མ་རྐང་ཉོ་མཁན་དུ་འགྱུར་བ་བཅས་ཀྱི་དབུལ་སྐྱོར་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།

2017ལོར་ལི་ཧྭ་ནེང་གིས་དར་མདོ་གྲོང་ཁྱེར་ཨང་དང་པོ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་ཡོད། ཁེ་ལས་དང་རྟེན་གཞི། ཏང་ཀྲི་པུའུ། རིག་གནས། ཞིང་དུད། དྲྭ་སྦྲེལ་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་ལ་བརྟེན་ཏེ་ཨང་དང་པོ་ཆང་ལས་ཀྱིས་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་དང་ར་རང་ཁ་གྲོང་རྡལ་སོགས་ཡུལ་ཤོག(གྲོང་རྡལ)དྲུག་ལ་ནས་ནག་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད་པ་རེད། སྲིད་འཛིན་གྲོང་སྡེ71དང་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ950ལ་འབབ་འཕར་ཕྱུག་འགྱུར་བྱེད་རོགས་བྱས་དང་བྱེད་བཞིན་ཡོད་པ་རེད།

2018ལོར་ལི་ཧྭ་ནེང་ཤང་ཀང་གི་མ་དངུལ་ནང་འདྲེན་བྱས་ཏེ། དར་མདོ་ཀང་ཧྭ་ས་ཁང་བདག་ཁོངས་སྤྱི་གཉེར་ཁང་དང་མཉམ་ལས་བྱས་ཏེ་ར་རྔ་ཁར་ཀྲུང་གོའི་པར་རྒྱག་ཞིང་ཁམས་རྡལ་ཆུང་ངུ་བཏོད་ཡོད། མིག་སྔའི་བར་ལས་གཞི་དེའི་འཕེལ་རིམ་བདེ་བླག་བྱུང་བཞིན་ཡོད་བར།བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཞིག་གངས་ལྗོངས་མཐོ་སྒང་མགྱོགས་མྱུར་དུ་ཐོན་རེ་ཡོད་པ་རེད།

ཐོག་མའི་བསམ་འདུན་མ་བརྗེད་པར་མིག་རྒྱང་རིང་དུ་བྱེད།

ལི་ཧྭ་ནེང་གིས་ངས་མཛེས་ལྗོངས་ཁུལ་གསར་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་ནི་ཁེ་སྤོགས་ཁོ་ན་ཙམ་མ་ཡིན་པར་ས་གནས་དེ་གའི་མི་སེར་ཚོར་ཡུལ་སྐོར་གསར་སྤེལ་ཁྲོད་དངོས་ཕན་དེ་བས་མང་བ་དང་དེ་བས་ཆེ་བ་ཐོབ་རེ་བྱེད་ཀྱི་ཡོད། ཁེ་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་གཉིས་ཁེ་ཡོང་བ་བྱ་རྒྱུ་ནི་ཁོས་ཁེ་ལས་གཏོད་པའི་མགོ་འཛུགས་ས་ཡིན་ཞེས་བཤད་པ་རེད།

ལི་ཧྭ་ནེང་གིས་དཀར་མཛེས་སུ་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོ་འཕྲད་བཞིན་ཡོད་པས་དམངས་གཉེར་ཁེ་ལས་ལ་མདུན་ལམ་ཆེན་པོ་ལྡན་པའི་དུས་རབས་ཤིག་རེད། དམངས་གཉེར་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་གྱིས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ཞེས་བཤད།

ལི་ཧྭ་ནེང་གིས་བསམ་ཚུལ་ལ། མཚན་སྙན་དང་ཞབས་ཞུ། སྤུས་ཚད། བདེ་འཇགས་སོགས་སྤུས་ཚད་ཀྱི་ཁོངས་སུ་གཏོགས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་ན། གོང་སྨོས་ཀྱི་ནང་དོན་གྱི་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་ལེགས་པོར་བསྒྲུབ་དགོས་པ་རེད།

མི་ཉག་གནས་མཆོག་གི་མ་འོངས་པའི་འཕེལ་རྒྱསལལི་ཧྭ་ནེང་གིས་ཡིད་ཆེས་ཡོད་ལ་གདེང་ཚོད་ཀྱང་ཡོད་པས་སྔ་ཕྱི་བར་གསུམ་དུ་རྒྱུན་གཏན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

ལི་ཧྭ་ནེང་ནི་དར་མདོའི་མི་མིན་ལ་ཡིན་ཡང་ཁོ་དར་མདོའི་མི་ལས་ལྷག རྒྱ་ནག་ལ་དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཡོད་ཀྱང་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དར་མདོ་ནས་སྡོད་རྒྱུའི་གདམ་ག་བྱས་པ་མ་ཟད། དབྱིན་ཇིའི་ལོན་ཏོན་སློབ་ཆེན་ནས་སློབ་ཐོན་པ་ལོའི་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བའི་རང་གི་བུ་ལི་ཝུན་ཧའོ་ལ་གྲོང་ཁྱེར་གྱི་ཁྱད་འཕགས་ཆ་རྐྱེན་དོར་བཅུག་ཤིང་ས་མཐོར་འཁྲིད་ཡོང་ནས་རང་དང་མཉམ་དུ་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ལས་ཀ་བྱེད་བཅུག་པ་རེད།

ལི་ཧྭ་ནེང་གིས་ས་མཐོའི་མི་མངོན་པའི་སྟོབས་ཤུགས་འཛད་མཐའ་མེད་པ་དང་ས་མཐོའི་མདུན་ལམ་ལ་ཚད་མེད། ངས་མི་རབས་ནས་མི་རབས་བར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དེ་ས་མཐོའི་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1