ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་འགྲེམ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-06


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་ཟིན་རྗེས་ཀྱི་༼ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག༽ཅེས་པ་འགྲེམ་སྤེལ་བྱས་པ་མ་ཟད་བརྡ་ཐོ་བཏང་ནས། ས་གནས་ཁག་དང་ཚན་པ་ཁག་གིས་དེ་ལྟར་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        བརྡ་ཐོའི་ནང་། སྤྱི་ལོ་2004ལོའི་ཟླ་9པར་ཀྲུང་གུང་ཀྲུང་དབྱང་གིས་འགྲེམ་སྤེལ་བྱས་པའི་༼ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག༽དེ་ཉིད་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཏང་ཡོན་གྱི་དབང་ཆ་འགན་སྲུང་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དུས་བབ་དང་ལས་འགན། བླང་བྱ་བཅས་གསར་པར་གཞིགས་ནས། ཏང་ཀྲུང་དབྱང་གིས་༼སྲོལ་ཡིག༽ལ་བཟོ་བཅོས་བརྒྱབ་ཡོད། ད་ཐེངས་བཟོ་བཅོས་བརྒྱབ་པའི་༼སྲོལ་ཡིག༽ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྒྲིག་ཡིག་གིས་རྩ་བའི་གཞི་འཛིན་སར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་རྩ་དོན་དང་སྤྱིའི་བླང་བྱ་ཁ་གསལ་བཟོ་བ། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཁེ་དབང་ཞིབ་ཏུ་གཏོང་བ། འགན་སྲུང་བྱེད་ཐབས་འཐུས་ཚང་བཟོ་བ། ཏང་གིས་ལས་བྱེད་པ་སྒྲིག་འཛུགས་དང་ལས་བྱེད་པར་འགོ་ཁྲིད་བྱེད་པའི་འགན་འཁྲི་དང་ལས་འགན་ཆེ་རུ་གཏོང་བ། ཏང་ཡོན་གྱིས་ཡང་དག་པའི་ངང་ཁེ་དབང་ལག་བསྟར་བྱ་རྒྱུ་འགན་སྲུང་བཅས་བྱས་ཡོད་པས། རང་རེའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ཏང་ཡོན་གྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱ་རྒྱུ། ཏང་ཡོན་ཡོངས་ཀྱིས་དེ་བས་དམ་ཟབ་ངང་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།
        བརྡ་ཐོའི་ནང་། རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་དང་ཁེ་དབང་བར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། ཁེ་དབང་སྤྱོད་སྐབས་ངེས་པར་དུ་འོས་འགན་ལག་བསྟར་བྱེད་པ་དང་། འགན་འཁྲི་འཁུར་བ། སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་བཅས་སྔོན་འགྲོར་འཇོག་དགོས་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་བྱེད་དགོས་པ་དང་། ༼སྲོལ་ཡིག༽ལག་བསྟར་བྱེད་པའི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་བྱེད་པ། རྒྱུན་གཏན་རང་བཞིན་གྱི་ཏང་ཡོན་གྱི་འོས་འགན་དང་ཁེ་དབང་སློབ་གསོ་སྤེལ་བ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་ལས་དོན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བསྟར་བ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱིས་རང་རྟོགས་ངང་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་པ། ༼སྲོལ་ཡིག༽ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་གཟིགས་སྐོར་སྐྱོད་ཀྱི་ནང་དོན་ལ་རྩིས་ནས། ༼སྲོལ་ཡིག༽གི་གཏན་འབེབས་ཁག་དངོས་ཐོག་ལ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ། ས་ཁུག་ཁག་དང་ཚན་པ་ཁག་གིས་༼སྲོལ་ཡིག༽ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1