ཚན་རྩལ་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-07



“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་དཀར་མཛེས་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་བསྒྲུབས་པའི་དངོས་བྲིས།

ཚན་རྩལ་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས།

ལས་བཟོ་བས་སྡེ་རོང་རྒུན་ཆང་བཟོ་ཁང་དུ་ལས་དོན་སྒྲུབ་བཞིན་པའི་ཚུལ།


      “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ་རང་ཁུལ་གྱིས་གསར་གཏོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་བརྩིས་ཀྱིས་ཚན་རྩལ་གྱི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར1.36བཏང་ནས་ལས་གཞི303ལག་བསྟར་བྱས་ཤིང་། ཚན་རྩལ་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར0.89བཏང་ནས་ཚན་རྩལ་གྱི་དབུལ་སྐྱོར་ལས་གཞི201ལག་བསྟར་བྱས་པ་རེད། སི་ཁྲོན་གྱི་ཚན་རྩལ་དབུལ་སྐྱོར་གྱི་དྲྭ་ཐོག་ལས་སྟེགས19གསར་འཛུགས་བྱས་ཡོད་ཅིང་། ཆེད་མཁས་པ1868དང་གྲོང་སྡེ་དབུལ་ཕོངས་ཀྱི་ཚན་རྩལ་ཆ་འཕྲིན་མི་སྣ3678ཀྱི་མིང་མཛོད་འཛུགས་གཉེར་བྱས། དབུལ་སྐྱོར་གནད་སྨིན་དང་འབྲེལ་དྲྭ་རྒྱས་པའི་ཚན་རྩལ་གྱི་ཆ་འཕྲིན་ཞབས་ཞུ་བྱས་ཡོད། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཚན་རྩལ་དབུལ་སྐྱོར་གྱི་ཐོན་ལས་དཔེ་སྟོན་རྟེན་གཞི51ཡོད་པ་དང་། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་ཚན་པ་གཅིག་གསོ་སྤེལ་དང་རྒྱ་སྐྱེད་བཏང་ཞིང་། ཞིང་སྡེ202དང་དུད་ཚང2800ལྷག་དང་མི་གྲངས་ཁྲི1.5ལྷག་ལ་སྐུལ་ཁྲིད་བྱས་ཏེ་དབུལ་ཐར་དང་འབབ་འཕར་བྱུང་ནས་མི་འབོར་དབུལ་ཕོངས་ཁྲི7.8ལྷག་དབུལ་ཐར་བྱུང་ཡོད་པ་རེད།

     “ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ལ་ཕྱི་མིག་བལྟས་ན། རང་ཁུལ་གྱིས་ཚན་རྩལ་དབུལ་སྐྱོར་གྱི་གྲུབ་འབྲས་ཡག་པོ་ཐོབ་པ་ནི་ཚན་རྩལ་གཙོ་བོར་འཛིན་ཞིང་ཚན་རྩལ་གྱིས་སྐུལ་ཁྲིད་བྱེད་པ་དང་། ཚན་རྩལ་གྱིས་གཞི་སྟེགས་བྱེད་པ་བཅས་ཀྱི་མཇུག་འབྲས་ཡིན་པས། གཞན་བརྟེན་གྱི་དབུལ་སྐྱོར་བྱེད་སྟངས་ནས་རང་གི་ནུས་ཤུགས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་བྱུང་ནས། ཚན་རྩལ་གྱིས་དབུལ་སྐྱོར་བྱས་པའི་གནད་སྨིན་རང་བཞིན་དང་། རྒྱུན་མཐུད་རང་བཞིན། ཕན་ཡོད་རང་བཞིན་བཅས་མཚོན་ཐུབ་ཅིང་། ཐོན་འབྱེད་གཅིག་བྱས་ན་ས་ཁུལ་ཡུག་གཅིག་སྐུལ་ཁྲིད་བྱེད་ཐུབ་པ་དང་ཡུལ་ཤོག་གཅིག་ཕྱུག་འགྱུར་ཡོང་ཐུབ་པའི་དབུལ་སྐྱོར་ཐོན་འབྱེད་ཀྱི་རྣམ་པ་གསར་པ་ཆགས་ཡོད་པ་རེད།

        ཚན་རྩལ་ལ་བརྟེན་ནས་རྒུན་འབྲུམ་འདེབས་འཛུགས་ཀྱི་དོ་དམ་བྱེད་སྟངས་གསར་པ་བཏོད།

    ནམ་མཁའ་གཡའ་དག་ས་གཞིར་རྡུལ་དག་པའི་སྟོན་ཁའི་དུས་ཚིགས་སུ་སྡེ་རོང་རྫོང་གི་ཝ་ཁ་དང་གཡས་མདོ་གྲོང་སྡེར་སླེབས་སྐབས། ས་ཞིང་དང་རི་ཐང་ག་ས་གར་ཡུལ་མི་ཚོས་ཚ་ཚ་འུར་འུར་ངང་རྒུན་འབྲུམ་འཐོག་བཞིན་པའི་རྣམ་པ་མཐོང་ཐུབ་ཀྱི་ཡོད། ཞིང་ཁ་དང་མུ་ཁའི་གཞུང་ལམ་ཕྲ་མོར་རྐང་འཁོར་འཁོར་གསུམ་མ་བྲེལ་བྲེལ་འཚུབ་འཚུབ་ངང་འགྲོ་འོང་བྱེད་བཞིན་པ་དང་། རྒུན་ཆང་སྙོལ་བཟོ་ཁང་དུ་ལས་བཟོ་པ་ཚོས་བྱང་ཆུབ་པའི་སྒོས་འཕྲུལ་འཁོར་བཀོལ་སྤྱོད་བྱས་ཏེ་རྒུན་འབྲུམ་འདེམས་བཞིན་ཡོད།

    རྒུན་འབྲུམ་བཙུགས་ནས་ལོ10ལྷག་སོང་ཞིང་། རྒུན་འབྲུམ་སྐྱེལ་འདྲེན་དང་ཉར་ཚགས་ཀྱི་དཀའ་སྡུག་མྱོང་ཡོད་པའི་ཡུལ་མི་ཚོའི་ཡུན་རིང་གི་རེ་སྨོན་ནི་བྲེལ་ཟིང་ཆེ་བའི་རྣམ་པ་འདི་འདྲ་ཞིག་ཤར་ཐུབ་པ་དེ་ཡིན་ཞིང་། ཁོ་ཚོས་ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས2017ལོར་ཁོ་ཚོར་རྒུན་འབྲུམ་བཙུགས་པའི་ཕན་འབྲས་ཐེངས་དང་པོ་ཐོབ་ཅིང་ཕྱུག་འགྱུར་འབྱུང་རེ་ཡོད་པ་མིག་མཐོང་ལག་ཟིན་བྱུང་། ད་ལྟ་མུ་ཏིག་ནག་པོ་དང་ཀུན་ནས་མཚུངས་པའི་རྒུན་འབྲུམ་དེ་དག་ཡུལ་དེའི་ཡུལ་མི་དང་དུད་ཚང་དབུལ་ཕོངས་ཀྱི་དངུལ་ཁུག་ལྟ་བུར་གྱུར་ཟིན།

     ད་ལྟ་བལྟས་ན་རྒུན་འབྲུམ་འདེབས་འཛུགས་བྱེད་པའི་ཐོན་ལས་འདི་འཕྱུགས་མེད་ཀྱི་ལམ་བུ་ཞིག་ཡིན་འདུག་ཅེས་རྒུན་འབྲུམ་གྱི་ཐོན་ལས་སྐོར་གླེང་སྐབས་ཝ་ཁ་དང་གཡས་མདོ་གྲོང་སྡེའི་ལས་བྱེད་པ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་པ་རེད།

སྔོན་ཆད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དུད་ཚང་དབུལ་ཕོངས་ལ་མ་དངུལ་དང་དངོས་ཟོག་ཐེངས་མང་བསྐྱལ་ཡོད་མོད། ཡིན་ནའང་དབུལ་ཕོངས་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱེད་མ་ཐུབ་པ་རེད། དུད་ཚང་དབུལ་ཕོངས་ཀྱི་ལག་ཏུ་དངུལ་དང་འཚོ་བའི་དངོས་རྫས་ཐད་ཀ་སྤྲད་ནའང་ལོ་རེ་བཞིན་སྔ་ལྟར་དབུལ་པོར་གྱུར་ཡོད་པ་རེད་ཅེས་ཝ་ཁ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཚེ་དོན་གྱིས་འདས་དོན་ལ་རྗེས་དྲན་བྱེད་སྐབས་དེའི་དུས་ཀྱི་གནས་ཚུལ་ཡིད་ལ་གསལ་པོར་འཁོར་ནས་དེ་ལྟར་བཤད།

     ཚེ་དོན་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀ་ལ་ཚན་རྩལ་དང་འབྲེལ་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་ཡུལ་དེའི་ཁྱད་ཆོས་དང་དགེ་མཚན་སྔོག་འདོན་བྱས་ན། ད་གཟོད་ཐོན་ལས་དེ་ཡུལ་དེའི་ཡུན་རིང་འཕེལ་རྒྱས་གཏོང་བའི་རྒྱུན་མཐུད་ཀྱི་ལམ་བུ་དང་ཆེས་གཞི་རྩའི་འཕེལ་རྒྱས་ཀྱི་ལམ་བུར་དངོས་སུ་འགྱུར་ཐུབ་པའི་ངོས་འཛིན་བྱུང་བ་རེད།

     རྒྱལ་ནང་གི་དབུ་བཞུགས་རྒུན་འབྲུམ་ཆེད་རམས་པ་ལི་ཧྭ་ཡིས་ཡུལ་དངོས་བརྟག་ཞིབ་བྱས་རྗེས། སྡེ་རོང་རྫོང་ལ་འཛམ་གླིང་ཐོག་ཆེས་ཁྱད་ཆོས་ལྡན་པའི་སྤུས་ལེགས་རྒུན་ཆང་ཐོན་སྐྱེད་བྱེད་པའི་ཆ་རྐྱེན་འཛོམས་པའི་ངོས་འཛིན་བྱུང་ཡོད་པས། ང་ཚོས་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་བྱེད་པ་དང་། ཡུལ་དེའི་ཁེ་ལས་དང་འབྲེལ་བ་བྱས་ཏེ་ཐུན་མོང་དུ་ཡུལ་དེའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་གཏོང་བསམ་པ་ཡིན་ཞེས་ཚེ་དོན་གྱིས་དེ་ལྟར་བཤད་པ་རེད།

     2016ལོའི་སྤྱི་ཟླ12པར་ཝ་ཁ་གྲོང་སྡེའི་གསེར་གྱི་ཉི་མའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་སྡེ་རོང་རྫོང་གི་ཝུའུ་ཡུན་ཅིན་ཧྲ་སྐྱེ་ཁམས་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་ལས་བྱས་པ་ནས་བཟུང་། ཡུལ་མི་ཚོ་རྒྱང་རིང་དུ་རྒུན་འབྲུམ་བྲིན་འཚོང་བྱེད་སར་འགྲོ་མི་དགོས་པ་དང་། ཞིང་ས་ནས་ཐོན་སྐྱེད་འཁོར་ཁང་བར་དུ་ལམ་ཐག་དུས་ཡུན་སྐར་མ5ལས་མེད་པས་དངོས་གནས་མི་སེར་གྱི་སྒོ་ཁར་ཆང་ཁང་བསྐྲུན་ཡོད་པ་རེད།

     ཐོན་ལས་འཕེལ་རྒྱས་གཏང་དགོས་ན་ངེས་པར་དུ་ཚན་རྩལ་གྱིས་སྐུལ་ཁྲིད་བྱ་དགོས། ཉེ་བའི་ལོ་ཤས་རིང་། རྫོང་ཞིང་ལས་ལག་རྩལ་ཞིང་ལུད་ས་ཚུགས་ཀྱི་ཞིང་ལས་ལག་རྩལ་པས་འགྲེལ་བཤད་ཞིབ་ཕྲ་དང་ཡུལ་དངོས་དཔེ་སྟོན་གསོ་སྐྱོང་སྦྱོང་བརྡར་བྱས་འོག ཡུལ་མི་ཕལ་ཆེར་གྱིས་ཚན་རིག་གི་ཐོག་ནས་རྒུན་འབྲུམ་འདེབས་འཛུགས་དང་དོ་དམ་བྱེད་ཤེས་པ་དང་ཆབས་ཅིག རྫོང་དེའི་ཚན་རྩལ་ཞབས་ཞུ་རུ་ཁག་དང་སྤྱི་གཉེར་ཁང་གིས་ཚན་རྩལ་དུད་ཚང་དུ་སྤེལ་པའི་ལས་ཀ་བརྒྱུད་ནས། དབུལ་སྐྱོར་གནད་སྨིན་དང་དུད་ཚང་དུ་ཚན་རྩལ་དཔེ་སྟོན་བྱེད་པ་ཟུང་དུ་འབྲེལ་བའི་ཐབས་ཤེས་བརྟེན་ཏེ་སྔ་ཕྱིར་དུད་ཚང་དུ་ཚན་རྩལ་ཞིབ་འཇུག་དང་ཁྲིད་སྟོན་བྱེད་པའི་ལས་གཞི་སྤེལ་བ་དང་། ཕན་ནུས་ལྡན་པའི་སྒོས་སྡེ་རོང་རྫོང་གི་རྒུན་འབྲུམ་ཚན་རིག་དང་ཚད་ལྡན་ཅན་དུ་འདེབས་འཛུགས་དང་དོ་དམ་བྱས་པ་རེད།

    ད་ལོར་ང་རང་གསོ་སྦྱོང་དུ་ཞུགས་རྗེས་ཞིང་ནང་གི་རྒུན་འབྲུམ་གྱི་ཐོན་ཚད་དང་སྤུས་ཚད་ཇེ་དྲག་ཏུ་ཕྱིན་ཡོད། མུའུ་བཞིའི་ས་ཞིང་ཁྲོད་རྒུན་འབྲུམ་ཏུན2ལྷག་ཡོད་ཅིང་ཡོང་འབབ་སྒོར་ཁྲི3ལྷག་རག་བྱུང་ཅེས་ཡུལ་མི་ཀྲུའུ་དབྱི་ཞང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆར་སྡེ་རོང་རྫོང་གི་རྒུན་འབྲུམ་ཐོན་ལས་ཀྱི་ཚན་རྩལ་གྲུབ་འབྲས་ལག་རྩལ་དུ་བསྒྱུར་གྲངས132ལ་ཟིན་ཡོད། 2019ལོར་རྫོང་དེའི་རྒུན་འབྲུམ་དང་རྒུན་ཆང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི6000ལ་ཟིན་པས་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1800ལྷག་འཕར་ཡོད།

     མིག་སྔར། ཁུལ་ཚན་རྩལ་ཅུས་ཀྱིས་ད་དུང་ཁུལ་ནོར་སྲིད་ཅུས་དང་མཉམ་དུ2020ལོའི་ཞིང་ཆེན་རིམ་པའི་ཚན་པ་དང་པོའི་ཚན་རྩལ་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་གཞིའི་མ་དངུལ་གཏོང་སྤྲོད་བྱས་ཡོད། དེའི་ནང་ཞིང་ཆེན་རིམ་པའི་ཚན་རྩལ་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་རྟེན་གཞི5འདུས་ཤིང་མ་དངུལ་སྒོར་ཁྲི500ཡོད་ལ་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ166.67ལེགས་གྲུབ་བྱུང་ཡོད།

ཚན་རྩལ་གྱི་ལས་སྟེགས་མཉམ་སྤྱོད་བྱས་ནས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད།

     2020ལོའི་སྤྱི་ཟླ5པར་བརྒྱད་ཟིལ་རྫོང་གིས་ཤར་ཆེན་ཡུལ་ཤོག་གི་མ་རྨོས་ལོ་ཏོག་ལ་གཞི་ཁྱོན་ཆེ་བའི་ནད་ཕོག་པ་རེད། ཤར་ཆེན་ཡུལ་ཤོག་གི་ཞིང་ལས་ལག་རྩལ་པ་ལི་ཞིན་ཡའོ་ཡིས་དེ་མ་ཐག་བརྒྱད་ཟིལ་རྫོང་ཚན་རྩལ་དབུལ་སྐྱོར་གྱི་དྲྭ་ཐོག་མ་ལག་ཏུ་ཞིང་ལས་ཚན་རྩལ་པ་ཝུའུ་དབྱིང་ཧྲན་ལ་ལག་རྩལ་སྐོར་གྱི་བློ་འདྲི་བྱས་ནས་ནད་ཕོག་པའི་རྒྱུ་རྐྱེན་རྒྱུས་ལོན་བྱས་རྗེས། ཝུའུ་དབྱིན་ཧྲན་གྱིས་དུས་ཚོད་དང་པོར་ཁ་པར་ཐོག་ནས་ལི་ཞིན་ཡའོ་ལ་གནས་ཚུལ་ངོ་མ་འདྲི་རྟོག་བྱས་པར་མ་ཟད། མ་རྨོས་ལོ་ཏོག་གི་སྡོང་པོའི་པར་རིས་ལ་བལྟས་རྗེས་ནད་ཕོག་རྐྱེན་གང་ཡིན་ཤེས་པ་རེད། ཆེད་རམས་པའི་སྨན་བཅོས་འཆར་འགོད་ལ་དམིགས་ནས། ཞིང་ལས་ལག་རྩལ་པས་ཞིང་པར་ཁྲིད་སྟོན་ཞིབ་ཕྲ་བྱས་རྗེས། གཟའ་འཁོར་གཅིག་གི་རྗེས་སུ་ད་གཟོད་མ་རྨོས་ལོ་ཏོག་ནད་ལས་ཐར་ནས་རྒྱུན་ལྡན་ལྟར་གྱུར་པ་རེད།

    མཚོ་འཕགས་ཆ་སྙོམས་སྨི3800ཡོད་པའི་སྡེ་དགེ་རྫོང་ཉ་འགུག་ཡུལ་ཤོག་འབུམ་མདའ་གྲོང་སྡེར་ཡུལ་མི་ཚོས་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་ཆེད། འདེབས་གསོའི་ཚོད་ལྟ་ཇི་ལྟར་བྱས་ཀྱང་གྲུབ་འབྲས་ཡག་པོ་ཐོབ་ཐུབ་མེད། མཐར་ཚན་རྩལ་ལས་བྱེད་པས་གྲོང་སྡེ་དེའི་ས་རྒྱུ་ཁུལ་ཞིང་ལས་ཚན་རྩལ་ཁང་དུ་དབྱེ་ཞིབ་དང་རྫས་འགྱུར་བརྟག་ཞིབ་བྱེད་སར་བསྐྱལ་བ་དང་ཆབས་ཅིག ས་རྒྱུ་དེར་ཞོག་ཁོག་འདེབས་འཛུགས་བྱེད་འཕྲོད་པའི་མཇུག་འབྲས་ཤེས་རྗེས། ལས་བྱེད་པ་ཚོས་དབུལ་ཐར་གྱི་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་བ་རེད། 2019ལོར་གྲོང་སྡེར་བཅའ་སྡོད་བྱེད་པའི་ཚན་རྩལ་དབུལ་སྐྱོར་རུ་ཁག་དང་ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་མངག་པའི་ལག་རྩལ་ཁྲིད་སྟོན་འོག འབུམ་མདའ་གྲོང་སྡེས་ཞོག་ཁོག་སྔོན་པོ་ཨང་རྟགས9པ་འདེབས་མགོ་བཙུགས། ས་ཞིང་དང་། ས་བོན། ལག་རྩལ་བཅས་ལེགས་བཅོས་བྱས་ནས་སྲོལ་རྒྱུན་གྱི་ཞིང་ལས་ཐོན་རྫས་ལ་འགྲན་རྩོད་ཀྱི་ནུས་ཤུགས་གསར་པ་བསྣན་པའི་ཐོག་ཞིང་པའི་ཐོན་སྤེལ་ཡོང་སྤར་བྱ་རྒྱུ་ལ་སྐུལ་ཁྲིད་བྱས་ནས། འབུམ་མདའ་གྲོང་སྡེའི་ས་ཞིང་མུའུ་རེར་ཞོག་ཁོག་སྔོན་པོ་ཨང་རྟགས9པ་སྤྱི་རྒྱ1200ཐོན་པ་རེད།

    ཚན་རིག་ལག་རྩལ་ལ་བརྟེན་ནས་ཞོག་ཁོག་བཙུགས་རྗེས་ཐོན་ཚད་ལྡབ་འགྱུར་འཕར་བ་དང་ཡུལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར1100འཕར་ཡོད་པ་རེད་ཅེས་ཚན་རྩལ་ལ་བརྟེན་ནས་གྲུབ་འབྲས་ཡག་པོ་ཐོབ་པའི་སྐོར་གླེང་སྐབས་གྲོང་སྡེ་དེའི་ཧྲུའུ་ཅི་དང་པོ་དབྱང་གཡང་གིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

    2019ལོར་དྲྭ་ཐོག་ཏུ་ཚན་རྩལ་དབུལ་སྐྱོར་གྱི་ལས་སྟེགས་བཙུགས་པ་ནས་བཟུང་། ལས་སྟེགས་འཁོར་སྐྱོད་བརྟན་པོ་ཡིན་པ་དང་ཞབས་ཞུའི་གྲུབ་འབྲས་མངོན་གསལ་ཡིན་པ་རེད། ད་ཆའི་བར་དུ་རང་ཁུལ་གྱིས་དྲྭ་ཐོག་ཏུ་ལག་རྩལ་སྐོར་གྱི་བློ་འདྲི་ཞབས་ཞུ་བྱེད་ཐེངས་ཁྲི5.74བྱས་ནས་མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་མང་པོ་བསལ་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལ་རྒྱང་ལྟ་བྱེད་ཚེ་ཚན་རྩལ་གྱི་གཏིང་ཤུགས་རབ་ཏུ་ཆེ།

     “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལ་རྒྱང་ལྟ་བྱེད་ཚེ། རང་ཁུལ་གྱིས་རྒྱུན་མཐུད་དེ་ཁུལ་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་གསར་གཏོད་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་ཅིང་། ཚན་རྩལ་དང་སློབ་གསོ་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བ་དང་། ཤེས་ལྡན་མི་སྣས་ཁུལ་སྟོབས་ལྡན་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ནས། ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། ཚན་རྩལ་ཞབས་ཞུས་དམངས་འཚོ་ལེགས་བཅོས་བྱེད་པ། ཚན་རྩལ་གྱིས་ཡུལ་སྡེ་དར་རྒྱས་གཏོང་བར་ནུས་ཤུགས་འདོན་པ། ཚན་རྩལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་འདེགས་སྐྱོར་བྱེད་པ། ཚན་རྩལ་གྱིས་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལས་གྲྭ་ཆེན་པོ་ལྔ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་ཁོངས་ཚན་རྩལ་གསར་གཏོད་ཀྱི་མ་ལག་འཐུས་ཚང་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཀྱི་ཐོན་ལས་གླིང་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཆགས་ཚུལ་བཟང་འགྱུར་རིམ་སྤེལ་བྱ་རྒྱུ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཐུག་སར་གཏོར་བརྒལ་ཡོང་ཐུབ་པ་དང་། རང་རྟོགས་གསར་གཏོད་བྱེད་ནུས་ཇེ་དྲག་མངོན་གསལ་དུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ནུས་པ་མངོན་གསལ་དུ་ཆེ་རུ་ཕྱིན་པ། ཁུལ་རིམ་པའི་ཚན་རྩལ་ཁང་དང་རྫོང་རིམ་པའི་ཚན་རྩལ་དང་ལས་ལམ་གསར་གཏོད་ཀྱི་ལྟེ་གནས་བསྐྲུན་ཐུབ་པ་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་སྐབས་ཀྱི་ཚན་རྩལ་བྱ་གཞག་ཐད་སྒོ་ཡག་པོ་འབྱེད་ཐུབ་པ་དང་དམིགས་བསལ་གྱི་གྲུབ་འབྲས་གསར་པ་ཐོབ་ཐུབ་པ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1