གཏམ་བཟང་། མེ་འཁོར་འདི་བོད་ལྗོངས་སུ་སླེབས་གྲབས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 01-07


          ཚེས4ཉིན། ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་ནས2021ལོའི་ལས་ཀའི་དམིགས་ཚད་ཁ་གསལ་པོར་བཟོས་ཏེ། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་། མྱུར་བགྲོད་ལྕགས་ལམ་གྱི་སྤ་སེའི་རིན་གོང་ཧེ་བག་ཅན་དུ་གཏོང་བའི་རིན་གོང་གཏན་སྲོལ། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་གཏོང་བ་སོགས་ཀྱི་འཆར་འགོད་ལ་སྐུལ་འདེད་བཏང་བ་རེད། 
          གོ་རིམ་ལྡན་ཞིང་བདེ་འཇགས་དང་སྤུས་ཀ་ལེགས་པའི་སྒོ་ནས་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭར་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ལྕགས་ལམ་ལ་མ་འཇོག་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་འགྲུབ་པ་བཅས་བྱས་ཏེ། སྔོན་དཔག་ལྟར་ན་ལམ་ཐིག་གསར་པ་སྤྱི་ལེ3700ཡས་མས་བསྐྲུན་རྒྱུ་རེད། 
           བསྐྱར་དར་རྟགས་ཅན་གྱི་སྤུས་རྟགས་གྲགས་ཅན་གྱི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། བསྐྱར་དར་རྟགས་ཅན་སྐྱོད་པའི་གཞི་ཁྱོན་རྒྱ་སྐྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གོ་རིམ་ཅན་གྱི་ཞིབ་བཟོ་དང་ཐོན་ལས་ཅན་གྱི་བེད་སྤྱོད་གཏིང་ཟབ་མོ་བྱེད་པ་དང་། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གཏོང་བའི་གྲུབ་ཆ་ལེགས་སུ་གཏོང་བ། འཁོར་རྒྱུག་སྤུས་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་སྤུས་རྟགས་གཏོད་པ་བཅས་བྱེད་དགོས་ལ། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་སྐབས་བསྐྱར་དར་རྟགས་ཅན་གྱི་ནང་གློག་གཉིས་ཁུངས་གྱི་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་སུ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།
          སྤུས་ཚད་མཐོ་བའི་སྒོ་ནས་ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཁྲོན་བོད་ཞིང་ལྗོངས་གཉིས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཨར་སྐྲུན་དང་། བདེ་འཇགས་ཨར་སྐྲུན། ལྗང་མདོག་ཨར་སྐྲུན་བཅས་མཐའ་འཁྱོངས་བྱས་ནས“ཕུག་ལམ་གཉིས་དང་ཟམ་པ་གཅིག”སྔོན་ལ་བསྐྲུན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་ཐོན་པ་བྱ་རྒྱུ་དང་། ཤར་ནུབ་དུམ་བུ་གཉིས་དང་བར་གྱི་ལམ་དུམ་བུའི་རྩད་ཞིབ་ཇུས་འགོད་དང་ལས་འགོ་འཛུགས་རྒྱུའི་ལས་དོན་བཅས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1