བོད་ལྗོངས་ལྷ་རྩེ་རྫོང་གི་གྲོང་ཚོར་ཡོང་འབབ་བགོ་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-11



          ཟླ1པའི་ཚེས4ཉིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་རྒྱལ་གྲོང་ཚོར2020ལོའི་ལོ་འཁོར་གྱི་དུས་ཐུང་རྒྱགས་གསོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་བགོ་བའི་མཛད་སྒོ་འཚོགས་ཤིང་། དུད་ཚང74ཡི་ཞིང་འབྲོག་མང་ཚོགས445ལ་ཡོང་འབབ་ཐོབ་ལ། ཁྱོན་བསྡོམས་མ་དངུལ་སྒོར665650སྤྲད་ཡོད་པ་རེད། 
          མཛད་སྒོའི་སྟེང་རྒྱལ་གྲོང་ཚོའི་ཇོ་མོ་གླང་མའི་ལུག་གསོ་མཉམ་ལས་ཁང་གི་འགོ་གཙོ་རྣམ་རྒྱལ་གྱིས་མཉམ་ལས་ཁང་བཙུགས་ཚུན་གྱི་གཉེར་སྐྱོང་གནས་ཚུལ་དང་། ད་ལོའི་མཉམ་ལས་ཁང་གི་ཡོང་འབབ་བགོ་བཤའ་རྒྱག་པའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་ནི2019ལོའི་ཟླ5པར་བཙུགས་པ་དང་། གཙོ་བོ་དུས་ཐུང་རྒྱགས་གསོ་བྱ་རྒྱུ་གཙོ་བོར་བྱེད་པའི་ཐོན་ལས་ཤིག་ཡིན་ཞིང་། གཅིག་སྡུད་གསོ་ཚགས་དང་དུས་ཚིགས་ལས་ལྡོག་པའི་བྲིན་ཚོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྔ་རྗེས་སུ་མཉམ་ལས་ཁང་དུ་ཞུགས་པའི་ཞིང་འབྲོག་མང་ཚོགས་ལ་ཁེ་སྤོགས་ཡོང་འབབ་ཐེངས4བགོས་པ་དང་། ད་ལྟ་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་གྱི་གཞི་རྟེན་རང་བཞིན་གྱི་ཐོན་ལས་ཤིག་ཏུ་གྱུར་ཡོད་པ་རེད། 
          མཉམ་ལས་ཁང་གིས་ད་ལོར་ཁྱོན་བསྡོམས་ལུག746བཙོང་པ་དང་མིག་སྔར་གསོས་པའི་ལུག1858ཡོད། ཡོང་འབབ་སྒོར865650བྱུང་ཡོད་པ་རེད། ཁེ་སྤོགས་ཐོབ་པའི་མང་ཚོགས་ཚོས་འཛུམ་དམུལ་དམུལ་ངང་སོ་སོའི་ལག་གི་སྒོར་མོ་རྩི་བ་དང་།   ཁོ་ཚོ་ཚང་མས་བརྗོད་དོན།“ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོར་འོད་སྟོང་འཕྲོ་བའི་ལམ་བུ་ཞིག་བསྟན་ལ། ང་ཚོས་ཕྱུག་འགྱུར་གྱི་ཁ་ཕྱོགས་ཤིག་རྙེད་བྱུང་”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 
 
མཉམ་ལས་ཁང་དུ་ཞུགས་པའི་གྲོང་མི་རྣམས་ཀྱིས་ཡོང་འབབ་དངུལ་ལེན་བཞིན་པ། 
          ཤང་ཏང་ཨུའི་འབྲེལ་ཡོད་འགན་འཛིན་བློ་མཐུན་གྱིས་བརྗོད་དོན། མཉམ་ལས་ཁང་ལ་ད་ལྟའི་གྲུབ་འབྲས་ཡག་པོ་ཐོབ་པ་འདི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཁག་དང་ཁ་འབྲལ་ཐབས་མེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་གཞོགས་འདེགས་དང་ཧུར་ཐག་གི་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད། མཉམ་ལས་ཁང་གིས་ཡིད་ཆེས་བརྟན་པོ་བཅངས་ནས། གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བྱས་ཏེ། མཉམ་ལས་ཁང་གི་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མགྱོགས་པོར་མཐོ་རུ་བཏང་ནས་མཉམ་ལས་ཁང་སྟོབས་ཆེར་གཏོང་བ་དང་། གྲོང་མི་རྣམས་ཕྱུག་པོར་འགྱུར་བ་བྱེད་དགོས། གོམ་སྟབས་རྗེས་མར་རྒྱལ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ་ཇོ་མོ་གླང་མའི་ལུག་གསོའི་མཉམ་ལས་ཁང་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་རྒྱུན་མཐུད་དང་། བརྟན་པོ། འབབ་འཕར་བཅས་ཀྱི་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 
 
མཉམ་ལས་ཁང་དུ་ཞུགས་པའི་གྲོང་མིར་ཡོང་འབབ་བགོས་པའི་དངུལ་ལེན་བཞིན་པ།
          མཛད་སྒོ་མཇུག་འགྲིལ་རྗེས་རྒྱལ་གྲོང་ཚོའི་ཞིང་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཐང་ཆེན་དུ་མཉམ་དུ་རིག་རྩལ་འཁྲབ་སྟོན་བྱས་པ་དང་། ཚང་མས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་སྟོད་གཞས་འཁྲབ་པ་སོགས་རྣམ་པ་སྣ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱེད་ཅིང་། གླུ་ལེན་གར་རྩེད་བྱས་ནས་དགའ་སྤྲོའི་སེམས་པ་མཚོན་པར་བྱས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1