ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོས་ཨུ་རུ་སི་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གསར་བའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་སྐབས་གསར་བའི་སྲིད་གཞུང་བར་གྲོས་མོལ་སྤེལ་འདོད་ཡོད་ཟེར། 
        ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ནམ་རྒྱུན་ཨ་མེ་རི་ཁའི་བར་འབྲེལ་བ་བཟང་བོ་འཛུགས་པར་རེ་བཞིན་ཡོད་ཅིང་། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཕྱོགས་གཉིས་ཀྱིས་རང་རང་གི་འགལ་བ་གསལ་བོ་བྱས་ཏེ་གྲོས་མོལ་གྱི་ཐུན་མོང་གི་གནད་རྙེད་དགོས་ཟེར། ཁོས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་བབ་བསྟུན་གྱི་སྲིད་ཇུས་ལག་བསྟར་བྱེད་སྲིད་ཀྱང་། དེ་ལས་ཨ་མེ་རི་ཁའི་གཏུམ་སྤྱོད་གུས་མེད་དང་ལེན་བྱས་པའི་མཚོན་རྟགས་མིན་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་མ་མཐའི་ཚད་ཐིག་དང་འགལ་བའི་བྱ་སྤྱོད་སྤེལ་མི་རུང་ཟེར། 
        ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་ཛ་དྲག་གི་རྣམ་པར་གནས་ཤིང་། རྒྱལ་ཁབ་གཉིས་ཀྱི་དྲ་རྒྱའི་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། དམག་དཔུང་ཚོད་འཛིན། དེ་མིན་ས་ཁུལ་གྱི་གནད་དོན་གལ་ཆེན་སོགས་ཀྱི་ཐད་འགལ་བ་མངོན་གསལ་གནས་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1