《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 02-03



        ཟླ་2ཚེས་1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གསུམ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
        གསུང་རྩོམ་ནང་ནན་བཤད་གནང་དོན། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་པ་དང་། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་འཚོ་བ། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྤྱི་ཡོངས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་འབྲེལ་བ་ཡོད།
        གསུང་རྩོམ་ནང་བསྟན་དོན། རང་རྒྱལ་གྱི་ཤེས་བྱའི་བདག་དབང་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཤེས་བྱའི་བདག་དབང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཤེས་བྱའི་བདག་དབང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་དང་སྲུང་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ། གསར་གཏོད་ལ་སྐུལ་ལྕག་གཏོང་བ་དང་། སྤུས་རྟགས་གཏོད་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་ངང་མི་འདང་བའི་ཆའང་མཐོང་བ་བྱེད་དགོས།
        གསུང་རྩོམ་ནང་བསྟན་དོན། མིག་སྔར་རང་རྒྱལ་འདི་ཉིད་ཤེས་བྱའི་བདག་དབང་ནང་འདྲེན་གྱི་རྒྱལ་ཁབ་ཆེན་པོ་ནས་ཤེས་བྱའི་བདག་དབང་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཤེས་བྱའི་བདག་དབང་ལས་དོན་དེ་གྲངས་འབོར་བརྩོན་ལེན་བྱེད་པ་ནས་སྤུས་ཚད་མཐོར་གཏོང་བར་འགྱུར་ལྡོག་འགྲོ་བཞིན་ཡོད། དེས་ན་ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པའི་བླང་བྱ་ནས་འགོ་བཙུགས་ཏེ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། གཅིག་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གསུམ་ནས་ཤེས་བྱའི་བདག་དབང་གི་འཁོར་སྦྲེལ་ཧྲིལ་པོ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ། ལྔ་ནས་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ། དྲུག་ནས་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
        གསུང་རྩོམ་ནང་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་གྱི་འབྲེལ་ཡོད་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཤེས་བྱའི་བདག་དབང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དུས་བབ་གསར་པའི་འོག་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས། རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1