ན་ནིང་དཀར་མཛེས་ཁུལ་གྱི་རྒྱ་བོད་སྨན་རྫས་ཐོན་ལས་འབྲེལ་ཐག་གི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ལས་བརྒལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-04



ན་ལོར་རང་ཁུལ་གྱི་རྒྱ་བོད་སྨན་རྫས་ཐོན་ལས་འབྲེལ་ཐག་གི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ལས་བརྒལ།

རྒྱ་བོད་སྨན་རྫས་འདེབས་འཛུགས་ར་བ།


ཉེ་ཆར། སྨྱུག་འཛིན་པས་ཁུལ་རྒྱ་བོད་སྨན་རྫས་ཐོན་ལས་ཁང་ནས་ཤེས་རྟོགས་བྱུང་དོན། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ནས་བཟུང་རང་ཁུལ་གྱི་རྒྱ་བོད་སྨན་རྫས་ལས་རིགས་ཀྱིས་སྨན་རྩྭ་འདེབས་འཛུགས་དང་ལས་སྣོན། བོད་སྨན་གྱིས་བདེ་གསོ་བྱེད་པ་སོགས་ལས་གྲྭ་ཆེན་པོ་གསུམ་ལ་སྐུལ་འདེད་བཏང་ནས། གཙོ་གཉེར་ཁེ་ལས་ཀྱིས་བྱེད་པོ་བྱེད་ཅིང་། སྨན་རྩྭ་འདེབས་འཛུགས་བྱ་རྒྱུ་ཡིས་སྔོན་འགྲོའི་ཆ་རྐྱེན་བྱེད་པ་དང་སྨན་བཅོས་དང་སྨན་རྫས་ཟུང་འབྲེལ་བྱ་རྒྱུས་རྨང་གཞིར་བྱས་ཏེ། སྨན་རྩྭ་འདེབས་འཛུགས་གཞི་ཁྱོན་ཅན་དང་། ཐོན་སྐྱེད་ལས་སྣོན་ཚད་ལྡན་ཅན། བོད་སྨན་གྱིས་ཞབས་ཞུ་ཁྱད་ལྡན་ཅན་བཅས་བྱས་ནས་སྔར་ལས་ལྷག་པར་རྒྱ་བོད་སྨན་རྫས་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད། 2020ལོར་ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཐོན་ལས་འབྲེལ་ཐག་གི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ལས་བརྒལ་ནས2015ལོའི་ལྡབ1.9ཡིན་པ་རེད།

སྨན་རྩྭ་འདེབས་ཁྱོན་ལ་གཞི་ཁྱོན་རགས་ཙམ་ལྡན་པ། ཁུལ་ཡོངས་ཀྱི་སྨན་རྩྭ་འདེབས་འཛུགས(གསོ་སྤེལ)བྱེད་སའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་སྐུལ་འདེད་བཏང་ཞིང་། རྒྱ་བོད་སྨན་རྩྭ་འདེབས་འཛུགས་བྱེད་པའི་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་།《དཀར་མཛེས་ཁུལ་གྱི་སྨན་རྩྭ་འདེབས་གསོ་ལག་རྩལ》བཟོ་འགོད་བྱས་ནས། མུ་མཐུད་དེ་ཚན་རིག་དང་མཐུན་པའི་སྒོས་འདེབས་འཛུགས་བྱེད་པའི་ཆུ་ཚད་མཐོར་འདེགས་བཏང་བ་རེད། 2020ལོར་ཁུལ་ཡོངས་སུ་སྨན་རྫས་འདེབས་འཛུགས་བྱེད་ཁྱོན་རིམ་རྩིས་ཀྱིས་མུའུ9.68ལ་བསླེབས་ནས2015ལོའི་ལྡབ1.4ཡིན། མུའུ་ཁྲི་ལྡན་པའི་རྟེན་གཞི1དང་། མུའུ་སྟོང5ལྡན་པའི་རྟེན་གཞི2 མུའུ་སྟོང1ལྡན་པའི་རྟེན་གཞི5བཅས་བསྐྲུན་ཐུབ་པ་བྱུང་ནས། འོ་སེ་ཇ་དང་། ལྕུམ། སྲད་སེར་སོགས་གཞི་ཁྱོན་མུའུ་སྟོང་ལྷག་གི་སྨན་རྩྭ་འདེབས་འཛུགས་བྱས་ཡོད་པ་རེད།

བོད་སྨན་ལས་སྣོན་བྱེད་པའི་རྨང་གཞི་སྲ་བརྟན་ཕྱིན་ཡོད། རང་ཁུལ་གྱིས་སྡེ་དགེ་སྨན་ཤོད(བོད་སྨན་དང་། མི་རིགས་ལག་ཤེས་བཟོ་རྩལ།)ཀྱི་ཐོན་ལས་གླིང་ཁུལ་དང་ཕྱག་ཕྲེང་གི་ཐོན་ལས་གསུམ་གྱི་མཉམ་འདྲེས་གླིང་ཁུལ་གྱིས་འདེགས་སྐྱོར་བྱས་ཤིང་། རྒྱ་བོད་སྨན་རྫས་ཞིབ་འཇུག་གསར་སྦོལ་དང་བཏུང་སྨན་ཐོན་སྐྱེད་ལས་སྣོན་བྱེད་པ་སོགས་ལ་ཤུགས་བརྒྱབ་པ་དང་། སྔར་ལས་ལྷག་པར་ཐོན་ལས་འབྲེལ་ཐག་ལས་ཀ་རྒྱུན་སྲིང་དང་ཐོན་རྫས་ཟུར་སྣོན་རིན་ཐང་མཐོ་རུ་ཕྱིན་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན།2020ལོར་རང་ཁུལ་གྱི་རྒྱ་བོད་སྨན་རྫས་ལོ་རེར་ལས་སྣོན་བྱས་ཚད་ཏུན295ལ་བསླེབས་ནས2015ལོའི་ལྡབ1.5ཡིན་པ་རེད།

བོད་སྨན་བདེ་གསོའི་ལས་ཀར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། བོད་སྨན་གྱིས་གཟུགས་པོར་བདེ་གསོ་འགན་ལེན་བྱེད་པའི་ཐད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མགྱོགས་མྱུར་ངང་བོད་སྨན་གྱི་བདེ་གསོ་ཞབས་ཞུའི་ལས་ཀ་ཁྱབ་སྤེལ་དང་བེད་སྤྱོད་བཏང་བ། ཁུལ་ཡོངས་སུ་ཕལ་ཆེར་ཁུལ་བོད་སྨན་ཁང་དང་། རྫོང(གྲོང་ཁྱེར)ལ་རྒྱ་བོད་སྨན་ཁང(མི་རིགས་སྨན་ཁང་) ཡུལ་ཤོག་དང་གྲོང་རྡལ་ལ་རྒྱ་ལུགས་དང་ཡང་ན་བོད་ལུགས་གསོ་རིགས་ཚན་ཁག གྲོང་སྡེར་རྒྱ་བོད་གསོ་རིགས་ཀྱི་རིམ་པ་བཞི་པའི་སྨན་རྫས་ཞབས་ཞུའི་མ་ལག་སོགས་ཡོད་པ་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང310ལ་རྒྱ་ལུགས་དང་བོད་ལུགས་གསོ་རིག་ཚན་ཁག་བཙུགས་ཡོད། ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང137ཚང་མ་ཚད་ལྡན་ཅན་གྱི་རྒྱ་ལུགས་དང་བོད་ལུགས་གསོ་རིག་ཁང་བསྐྲུན་ཡོད། ཁུལ་དང་རྫོང་གི་བོད་སྨན་ཁང་ལ་རྒྱལ་ཁབ་རིམ་པའི་ཆེད་ནད་སྨན་བཅོས་ཚན་ཁག་གཙོ་བོ4དང་། ཞིང་ཆེན་རིམ་པའི་ཆེད་ནད་སྨན་བཅོས་ཚན་ཁག་གཙོ་བོ143 ཁུལ་རིམ་པའི་ཆེད་ནད་སྨན་བཅོས་ཚན་ཁག33བཅས་བསྐྲུན་ཡོད་པ་དང་། རིམ་པ་གཉིས་པའི་མི་རིགས་སྨན་ཁང་ཀ་པ14དང་། རིམ་པ་གཉིས་པའི་མི་རིགས་སྨན་ཁང་ཁ་པ5བསྐྲུན་པ། བོད་ལུགས་གསོ་རིག་གིས་ཞབས་ཞུ་བྱེད་ཚད་སྔར་བས་རྒྱ་སྐྱེད་གཏོང་བ་དང་། ཁུལ་བོད་སྨན་ཁང་གི་ཝུའུ་ཧོའུ་སྨན་ཁང་དངོས་སུ་འཁོར་སྐྱོད་སྨན་བཅོས་བྱེད་མགོ་བཙུགས་ཤིང་། ཁུལ་བོད་སྨན་ཁང་གིས་བྲག་མགོ་རྫོང་བོད་སྨན་ཁང་དང་མཉམ་འབྲེལ་སྨན་བཅོས་བྱས་ནས་བོད་ལུགས་གསོ་རིག་སྨན་ལུམས་ཉམས་ཞིབ་ཁང་གསར་འཛུགས་བྱས་ཡོད། རྫོང་སར་བོད་སྨན་ཁང་དང་ཁུལ་མི་དམངས་སྨན་ཁང་བར་སྨན་བཅོས་མཉམ་འབྲེལ་བཙུགས་པ་དང་། རྫོང་སར་བོད་ལུགས་གསོ་རིག་ཀྱི་བདེ་ཐང་ཆེན་པོའི་ཐོན་ལས་ལྟེ་གནས་ཧའེ་ནན་པོ་ཨའོ་རིམ་འདས་རྒྱ་ལུགས་སྨན་ཁང་དུ་གཞིས་ཆགས་ཡོད་པ་རེད།

བོད་ལུགས་གསོ་རིག་ཞིབ་འཇུག་གསར་སྦོལ་གྱི་ལས་དོན་རིམ་སྤར་ཐུབ་ཡོད། དཀར་མཛེས་ཁུལ་གྱིས་བསྟུད་མར་རྒྱུན་སྤྱོད་བོད་ལུགས་སྨན་རྫས་ཀྱི་སྤུས་ཚད་ཚོད་འཛིན་བྱེད་པའི་ཚད་གཞི་ལེགས་སྒྲིག་ཞིབ་འཇུག་དང་དཀར་མཛེས་ཁུལ་གྱི་ལས་སྣོན་བྱས་པའི་རྒྱུན་སྤྱོད་བོད་ལུགས་སྨན་རྫས་ཀྱི་ཚད་གཞི་མཐོར་འདེགས་དང་ཞིབ་འཇུག་བྱེད་པ་སོགས་ཀྱི་ལས་གཞི་སྤེལ་བ་དང་། བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་བྱས་པའི་སྨན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གཞི་སྤེལ་ནས། ཁུལ་ནང་གི་ལས་སྣོན་བྱས་པའི་བོད་སྨན་གྲགས་ཅན་དེ《སི་ཁྲོན་ཞིང་ཆེན་བོད་ལུགས་གསོ་རིགས་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་བྱས་པའི་སྨན་རྫས་སྤུས་ཚད་ཀྱི་ཚད་གཞིའི》གྲས་སུ་འཇོག་པ་དང་།《དཀར་མཛེས་ཁུལ་གྱི་རྒྱུན་སྤྱོད་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚད་གཞི་ཕྱོགས་བསྒྲིགས》དང《དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་སྤྱོད་ལག་དེབ》《དཀར་མཛེས་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལས་སྣོན་བྱས་པའི་སྨན་རྫས་ཀྱི་ཚད་གཞི་མཐོ་འདེགས་གཏོང་བའི་ཚོད་འཛིན་ཁྲིད་སྟོན་ལག་དེབ》《དཀར་མཛེས་ཁུལ་གྱི་རྒྱུན་སྤྱོད་བོད་ལུགས་གསོ་རིགས་སྨན་རྫས་བཟོ་བའི་ལག་རྩལ》བཟོ་འགོད་བྱས་ནས། ཁུལ་ཡོངས་ཀྱི་བོད་ལུགས་སྨན་རྫས་ཐོན་སྐྱེད་བྱེད་པར་ལག་རྩལ་ཚད་ལྡན་དང་རིགས་གཞུང་གི་རྨང་གཞི་མཁོ་འདོན་བྱས་པ་དང་། བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཚན་དང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྦོལ་གྱི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་བོད་སྨན་གྱི་ཞོར་འབྱུང་ཐོན་རྫས་མྱུར་དུ་ཐོན་སྐྱེད་བྱས། སྡེ་དགེ་རྫོང་སར་བོད་ལུགས་གསོ་རིག་སྨན་རྫས་སྤྱི་གཉེར་ཁང་གིས་ཁྲེང་ཏུའུ་ཐེན་ཧྥུ་ཚེ་སྲོག་ཚན་རྩལ་གླིང་ཁུལ་དུ་ཟུར་ལུགས་བོད་སྨན་གྱི་རྒྱུད་འཛིན་དང་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་མགོ་བཙུགས་ནས། བོད་ལུགས་གསོ་རིག་སྨན་རྫས་གསར་པ་གསར་སྦོལ་དང་ཞིབ་འཇུག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1