ཁྲོ་ཆུ་རྫོང་དྷ་ཅི་ཡུལ་ཚོའི་ཞིང་བ་རྣམས་དཔྱིད་རྨོད་ཀྱི་ལས་ལ་བྲེལ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 03-10



    དཔྱིད་ཟླ་གསུམ་པ་ནི་དཔྱིད་རྨོད་ཀྱི་ལས་ལ་བརྩོན་པའི་དུས་ཡིན་པས། ཉིན་འགའི་རིང་དུ་ཁྲོ་ཆུ་རྫོང་དྷ་ཅི་ཡུལ་ཚོའི་ཞིང་བ་རྣམས་ཀྱིས་དུས་བཟང་འདི་དམ་པོར་བཟུང་སྟེ་དཔྱིད་རྨོད་ཀྱི་ལས་སུ་བྲེལ། 

    ཉེ་ཆར། གསར་འགོད་པ་དྷ་ཅི་ཡུལ་ཚོའི་ཞིང་ས་འཁོར་རྒྱུག་གི་འདེབས་འཛུགས་རྟེན་གཞིར་སོང་། མིག་ལམ་དུ་ཞིང་བ་རྣམས་ཀྱིས་གླང་རྔ་ལ་ལུད་རྒྱག་བཞིན་ཡོད་པ་དང་། ཡུལ་དངོས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན། ཞིང་བ་ཞའོ་ཁྲང་པིང་གིས། ང་ཚོས་ཟུང་ཆུ་རྫོང་གཙོ་ཚང་སྒུ་གྲོང་རྡལ་དུ་གླང་རྔ་འདི་བཏབ་མྱོང་མོད། ཁྲོ་ཆུ་རྫོང་དྷ་ཅི་ཡུལ་ཚོའི་ས་གཤིས་གཤིན་པས་ཞིང་ས་མུའུ་140འགན་གཙང་བླངས་ནས་གཙོ་བོར་གླང་རྔ་བཏབ། གླང་རྔ་དེ་དག་འབྲས་བཟང་བསྡུས་རྗེས་ཁྲེང་ཏུའུ་གྲོང་ཁྱེར་པེ་ཅ་ཁྲོམ་ར་དང་མེང་དབྱང་ཁྲོམ་ར་བཅས་སུ་ཕྱིར་བཙོངས་ཞེས་བཤད།
    དྷ་ཅི་ཡུལ་ཚོའི་ས་ཞིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་རྒྱུ་གཤིན་པ། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་འོག་ས་ཞིང་འཁོར་རྒྱུག་བྱས་ནས་ཐོན་ལས་སྟོབས་ཆེར་བཏང་ལ་ཞིང་བ་ཕྱུག་པོར་བསྒྱུར། བོགས་མར་གཏོང་ལེན་དང་འགན་གཙང་གཞན་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་ཞིང་འཁོར་རྒྱུག་གི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་དང་། ས་ཞིང་དེ་འདེབས་འཛུགས་ཁྱིམ་ཚང་དང་གསོ་སྤེལ་ཁྱིམ་ཚང་དང་། ཆེད་ལས་མཉམ་ལས་ཁང་། ཞིང་ལས་ཀུང་སི་བཅས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་སྤེལ་བཏང་ལ། ཐར་ཐོར་གྱི་ས་ཞིང་ཡུག་གཅིག་ཏུ་འབྲེལ་རྒྱུ་དང་ཐར་ཐོར་གྱི་ཞིང་བ་རྣམས་ཚོགས་པ་ཞིག་ཏུ་བསྒྱུར་ནས། ས་ཞིང་གི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་ཐུབ་པར་མ་ཟད། ད་དུང་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཡང་ཆེ་རུ་གཏོང་ཐུབ། གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་ནས་ཞིང་ལས་ཐོན་ལས་ཅན་གྱི་གནས་ཐང་འཕར་བའི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཐུབ།  

    དྷ་ཅི་ཡུལ་ཚོ་ཞང་ཀྲང་གཞོན་པ་ཝང་ཆང་གིས། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་འབྲེལ་མཐུད་ཡོང་ཆེད། ཡུལ་ཚོའི་ཏང་ཨུ་སྲིད་གཞུང་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་ཞིག་འཚོལ་ཞིབ་ཧུར་ཐག་བྱས། ད་ལོར་རྫོང་གཞན་གྱི་སྔོ་ཚལ་འདེབས་འཛུགས་ཁྱིམ་ཚང་ནང་འདྲེན་བྱས་པ་དང་། དྷ་ཅི་ཡུལ་ཚོའི་ཞིང་ས་མུའུ་140ལྷག་འགན་གཙང་བླངས་ནས་གླང་རྔ་བཏབ། ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གིས་འདེབས་འཛུགས་ཁྱིམ་ཚང་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་གླང་རྔ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་ནས། ཞིང་བའི་འདེབས་འཛུགས་ལག་རྩལ་གྱི་ཚུ་ཚད་ཇེ་ཆེར་བཏང་སྟེ་ཞིང་བའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས། མིག་སྔར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འགག་རྩའི་དུས་ཡིན་ལ། དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་ཡང་ཡིན། ང་ཚོ་ལས་དོན་ཚོ་ཆུང་ཞིང་་ཁར་བསྐྱོད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཞེས་བཤད།  
    དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་ཚོད་དམ་པོར་འཛིན་རྒྱུ་ནི་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་བ་ཡོད། གོ་རིམ་ལྡན་པའི་ངང་མང་ཚོགས་རྩ་འཛུགས་བྱས་ནས་རང་ངོས་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་འོག དྷ་ཅི་ཡུལ་ཚོས་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་དོན་ཡག་པོར་སྒྲུབ་ནས་ད་ལོའི་ཞིང་ལས་ཐོན་འཕར་འབབ་འཕར་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1