ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-17



        སྤྱི་ཟླ་3པའི་ཚེས་15ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་གནང་བ་དང་། གྲོས་ཚོགས་ཐོག་སྟེགས་བུའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་གནད་དོན་དང་ཐཱན་རྩེ་གྲངས་ཚོད་འཛིན་དང་། ཐཱན་སྙོམས་སྒྲིག་བཅས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་དང་བྱ་ཐབས་གཙོ་བོར་ཞིབ་འཇུག་གནང་ཡོད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། རང་རྒྱལ་གྱི་སྟེགས་བུའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་འགག་རྩའི་དུས་སུ་སླེབས་ཡོད་པས་རྒྱང་རིང་ལ་གཞིགས་པ་དང་མིག་སྔར་གཞིགས་པ། མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པ། ཁོར་ཡུག་གསར་པ་གཏོད་པ། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ཏེ་སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་གོང་འཕེལ་ཡོང་བ་བྱེད་དགོས། ཐཱན་རྩེ་གྲངས་ཚོད་འཛིན་དང་། ཐཱན་སྙོམས་སྒྲིག་མངོན་འགྱུར་བྱེད་པ་དེ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པས། ཐཱན་རྩེ་གྲངས་ཚོད་འཛིན་དང་་དང་དོ་སྙོམ་ཡོང་བ་བྱ་རྒྱུ་དེ་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤྱིའི་ཡོངས་བཀོད་སྒྲིག་ནང་འཇུག་དགོས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ཏེ་སྤྱི་ལོ་2030ལོའི་གོང་དུ་དུས་བཀག་ལྟར་ཐཱན་རྩེ་གྲངས་ཚོད་འཛིན་དང་་དང་། སྤྱི་ལོ་2060ལོའི་གོང་དུ་ཐཱན་རྒྱུ་འབུད་བཤངས་ཚད་གཞི་དོ་སྙོམ་ཡོང་བའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།
        གྲོས་ཚོགས་ཐོག རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་བཅས་ཀྱི་སྟེགས་བུའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྙན་སེང་གསན་ཡོད་པ་དང་། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་འབྱུང་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱི་ཐཱན་རྩེ་གྲངས་ཚོད་འཛིན་དང་་དང་། ཐཱན་རྒྱུ་འབུད་བཤངས་ཚད་གཞི་དོ་སྙོམ་ཡོང་བའི་སྤྱིའི་བསམ་ཕྱོགས་དང་བྱ་ཐབས་གལ་ཆེན་ཐད་ཀྱི་སྙན་སེང་གསན་ཡོད་པ་རེད།
        གྲོས་ཚོགས་ཐོག ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་སྟེགས་བུའི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་བྱུང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་སྟངས་ཆེན་པོའི་ཁྲོད་ཀྱི་གནས་བབ་དང་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་འགྲོ་བཞིན་ཡོད། སྟེགས་བུའི་དཔལ་འབྱོར་གྱིས་སྤྱི་ཚོགས་ཡོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལས་ཆོད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། ལག་རྩལ་དང་ཐོན་ལས་འཕོ་འགྱུར་ཆ་འཕྲིན་ཅན་དང་གྲངས་གཞི་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དེས་རྒྱལ་དམངས་དཔལ་འབྱོར་གྱི་ལྷུ་ཚིགས་ཁག་ཤར་གཏོང་ཐུབ་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རིག་ནུས་ཅན་དང་ཁྱབ་ཁོངས་ཧྲིལ་པོ་ཅན། རང་གཤིས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། རང་རྒྱལ་གྱི་སྟེགས་བུའི་དཔལ་འབྱོར་གོང་འཕེལ་གཏོང་བའི་སྤྱིའི་འཕེལ་ཕྱོགས་བཟང་པོ་ཡོད་ལ་ནུས་པའང་ཡག་པོ་ཡོད། དུས་མཚུངས་སུ་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་གནས་ཡོད། སྟེགས་བུའི་ཁེ་ལས་ཁག་ཅིག་གོང་འཕེལ་ཚད་ལྡན་བྱུང་མེད་ལ་ཉེན་ཁའང་ལྡན་ཡོད། སྟེགས་བུའི་དཔལ་འབྱོར་གོང་འཕེལ་དོ་སྙོམ་མེད་པ་དང་། ཞན་ཆ་ལྡན་པ། ལྟ་སྐུལ་དོ་དམ་སྒྲིག་གཞི་འཚམས་པོ་མེད་པ་བཅས་ཀྱི་གནད་དོན་དེ་བས་མངོན་གསལ་དོད་པོ་ཡོད་ཅེས་བསྟན་ཡོད།
        གྲོས་ཚོགས་ཐོག ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། རྒྱལ་ཁབ་འགྲན་རྩོད་ཀྱི་བཟང་ཆ་གསར་པའི་འཐབ་ཇུས་མཐོ་ཚད་ལ་གཞིགས་ནས་གོང་འཕེལ་དང་ཚད་ལྡན་གཉིས་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྟེགས་བུའི་དཔལ་འབྱོར་གྱི་གོང་འཕེལ་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་པ། སྟེགས་བུའི་དཔལ་འབྱོར་གྱི་བཅོས་སྒྲིག་མ་ལག་འཐུས་ཚང་འཛུགས་པ། སྒྲིག་སྲོལ་གསལ་པོ་བཟོ་བ། མཚམས་ཐིག་གསལ་པོ་བཟོ་བ། ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་ལམ་ཚད་ལྡན་བཟོ་བ། གོང་འཕེལ་དང་བདེ་འཇགས་དང་། རྒྱལ་ནང་དང་རྒྱལ་སྤྱིར་གཅིག་འགྱུར་འཆར་འགོད་དེ་བས་ཡག་པ་བྱེད་པ། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་སྒེར་སྡོམ་ལ་ངོ་རྒོལ་བྱེད་པ་བཅས་བྱས་ནས་མ་རྩ་གོ་རིམ་མེད་པའི་ཐོག་ནས་རྒྱ་བསྐྱེད་གཏོང་རྒྱུ་བཀག་འགོག་བྱེད་དགོས། ཚད་ལྡན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ནས་བཅོས་སྐྱོང་མཉམ་ཤུགས་སྒྲིལ་བ་བྱེད་དགོས། སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་དང་། གསོན་ཤུགས་ཀྱིས་ཁེངས་ཤིང་གསར་གཏོད་ཀྱི་ནུས་པ་དང་ལྡན་པའི་ལམ་ལུགས་ཁོར་ཡུག་གཏོད་དེ་རྒྱལ་སྤྱིའི་ལག་རྩལ་སྤེལ་རེས་དང་ཞིབ་བཟོའི་མཉམ་ལས་ཤུགས་ཆེར་གཏོང་དགོས། གཡོ་འགུལ་མེད་པ་གཉིས་རྒྱུན་འཁྱོངས་ཀྱིས་སྟེགས་བུའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
        གྲོས་ཚོགས་ཐོག སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟེགས་བུའི་དཔལ་འབྱོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། སྒྲིག་སྲོལ་གྱི་སྟོང་ཆ་དང་སྐྱོན་ཆ་དུས་ཐོག་ཏུ་གསབ་པ། གྲངས་གཞིའི་ཐོན་དབང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ། སྟེགས་བུའི་ཁེ་ལས་ཀྱི་གྲངས་གཞིའི་བདེ་འཇགས་འགན་འཁྲི་ནན་དུ་གཏོང་དགོས། ལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ལྟ་སྐུལ་དོ་དམ་སྒྲོམ་གཞི་ལེགས་སུ་གཏོང་བ། ལས་ཀའི་སྔོན་དང་། ལས་ཀའི་ནང་། ལས་ཀའི་རྗེས་བཅས་ཀྱི་སྦྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱེད་པ། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་དབང་གྲགས་རང་བཞིན་ཆེ་རུ་གཏོང་བ། དངུལ་རྩའི་བྱེད་སྒོ་ཚང་མ་དངུལ་རྩའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་འཇུག་པ་བཅས་བྱེད་དགོས། སྟེགས་བུའི་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་གོང་འཕེལ་དང་སྤུས་ཀ་ལེགས་པའི་འཚོ་བར་ཞབས་ཞུ་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། བཟོ་ལས་དྲ་སྦྲེལ་དྲ་བའི་སྟེགས་བུ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཁྱབ་ཁོངས་ཀྱི་སྟེགས་བུའི་ཁེ་ལས་ཀྱིས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། སྤུས་ཀ་ལེགས་པའི་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་དགོས། སྟེགས་བུའི་ཁྲོམ་རའི་བྱེད་པོའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྟེགས་བུའི་ཁེ་ལས་ཀྱིས་ཚོང་ཟོག་གི་སྤུས་ཀ་དང་། བཟའ་རིགས་ཀྱི་བདེ་འཇགས་འགན་སྲུང་སོགས་པའི་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་བ། སྤྱོད་མཁན་གྱི་གྲངས་གཞིའི་ཁེ་དབང་དང་སྒེར་གྱི་གསང་བའི་དབང་ཆར་སྲུང་སྐྱོང་ཡག་པོ་བྱེད་པ། སྟེགས་བུའི་ཁེ་ལས་ཀྱི་ངལ་རྩོལ་སྲུང་སྐྱོབ་འགན་འཁྲི་ཁ་གསལ་བཟོ་དགོས། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། སྟེགས་བུའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ལ་མ་འཇོག་བྱེད་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་རྩ་བ་བརྟན་པོ་འཛུགས་པ། ཚན་རྩལ་ཁེ་ལས་འབྲིང་ཆུང་གསར་སྐྲུན་བྱ་རྒྱུར་རོགས་རམ་བྱེད་པ། དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།
        གྲོས་ཚོགས་ཐོག རང་རྒྱལ་གྱིས་སྤྱི་ལོ་2030ལོའི་གོང་ཐཱན་རྩེ་གྲངས་ཚོད་འཛིན་དང་། སྤྱི་ལོ་2060ལོའི་གོང་ཐཱན་དོ་སྙོམས་ཡོང་བ་བྱ་རྒྱུ་ནི། ཏང་ཀྲུང་དབྱང་གིས་དགོངས་པ་ཟབ་བཞེས་གནང་ནས་ཐག་བཅད་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཇི་སྲིད་བར་དུ་གོང་འཕེལ་ཡོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་འབུད་བཤངས་དང་། སྤྱི་དང་ཆ་ཤས། དུས་ཐུང་དང་དུས་ཡུན་རིང་འབྲིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་གནོད་མེད་ཅན་དུ་བརྗེ་སྒྱུར་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ནུས་ཁུངས་དང་། གནོད་མེད། ཐཱན་ཉུང་བཅས་འཕེལ་རྒྱས་གཏོང་རྒྱུ་འགག་རྩ་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་ལས་གྲུབ་ཚུལ་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས། བར་སྟོང་ཆགས་སྟངས་བཅས་གང་མགྱོགས་ཆགས་པར་བྱེད་པ་དང་། འབྱུང་ཁམས་གལ་ཆེ་སར་འཇོག་པ་དང་གནོད་མེད་གོང་འཕེལ་གཏོང་བའི་སྤུས་ཚད་མཐོ་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་པ། ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས། ས་གནས་ཁག་གི་དོན་དངོས་ལ་གཞིགས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་དགོས། ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་གལ་ཆེ་ཤོས་སུ་བཞག་ནས། ཁྱོན་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་ལེན་བསྟར་ཏེ། སྟབས་བདེ་བབ་བསྟུན་དང་གནོད་མེད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་དང་དོད་བྱེད་དགོས། སྲིད་གཞུང་དང་ཁྲོམ་ར་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་དང་ལམ་ལུགས་གསར་གཏོད་ལ་ཤུགས་རྒྱག་པ། ནུས་རྒྱུ་དང་འབྲེལ་ཡོད་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བརྒྱུད། ནུས་ལྡན་གྱི་སྐུལ་ལྕག་བཅུན་སྡོམ་ལམ་སྲོལ་ཆགས་པ་བྱེད་དགོས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ནུས་རྒྱུའི་ཐོན་ཁུངས་གཅིག་འགྱུར་འཆར་འགོད་ནུས་ལྡན་བྱེད་དགོས། ཉེན་ཁ་དབྱེ་འབྱེད་དང་དོ་དམ་ཚོད་འཛིན་ལ་ཤུགས་བརྒྱབ་ནས། སྦགས་གཙོག་དང་ཐཱན་ཉུང་གཏོང་དང་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
        གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ནི་ཐཱན་རྩེ་གྲངས་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་དང་ཞིབ་དཔྱད་བྱེད་པའི་དུས་སྐབས་ཤིག་ཡིན་པས། གཙོ་གནད་ཐོག་གཤམ་གསལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། དེ་ཡང་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་མཐོའི་ནུས་རྒྱུའི་མ་ལག་གཏོད་པ་དང་། འགྱུར་རྡོའི་ནུས་རྒྱུའི་སྤྱི་འབོར་ཚོད་འཛིན་བྱེད་པ། བེད་སྤྱོད་ནུས་འབྲས་མཐོ་རུ་ཏན་ཏིག་གཏོང་བ། སླར་སྐྱེས་ནུས་རྒྱུའི་ཚབ་བྱེད་བྱ་སྤྱོད་ལག་བསྟར་བྱེད་པ། གློག་ཤུགས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ནུས་རྒྱུ་གསར་པས་གཙོ་གཟུགས་བྱས་པའི་རྣམ་པ་གསར་པའི་གློག་ཤུགས་མ་ལག་འཛུགས་པ་བཅས་བྱ་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གི་སྐྱེལ་འདྲེན་བྱེད་ཐབས་ལག་ལེན་བསྟར་བ་དང་། བཟོ་ལས་ཁྱབ་ཁོངས་ཀྱི་སྦགས་མེད་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་ཚད་གཞི་མཐོ་རུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་སྦགས་མེད་ཐཱན་ཉུང་གི་སྐྱེལ་འདྲེན་བྱེད་ཐབས་གང་མགྱོགས་གྲུབ་པ་བཅས་བྱེད་དགོས། སྦགས་མེད་ཐཱན་ཉུང་གི་ལག་རྩལ་ལ་གལ་ཆེའི་འཕེལ་རིམ་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། ཐཱན་ཉུང་གཏོང་གི་རྩེར་སོན་ལག་རྩལ་ཞིབ་འཇུག་བཀོད་སྒྲིག་ལ་དམ་འཛིན་བྱེད་པ། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་ལག་རྩལ་བེད་སྤྱོད་དང་ཁྱབ་གདལ་བྱེད་མགྱོགས་སུ་བཏང་ནས། སྦགས་མེད་ཐཱན་ཉུང་གི་ལག་རྩལ་དཔྱད་དཔོག་དང་། ཉོ་ཚོང་མ་ལག ཚན་རྩལ་གསར་གཏོད་ཞབས་ཞུ་སྟེགས་བུ་བཅས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། འབྱུང་འཕྲོད་ཐཱན་ཉུང་སྲིད་ཇུས་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ནུས་རྒྱུའི་གཉིས་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྱུང་འཕྲོད་ཐཱན་ཉུང་གོང་འཕེལ་ལ་ཕན་པའི་ནོར་ཁྲལ་དང་། རིན་གོང་། དངུལ་རྩ། ས་ཞིང་། སྲིད་གཞུང་ཉོ་སྒྲུབ་སོགས་ལ་ཕན་པ་ཡོད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཐཱན་འབུད་བཤངས་དབང་ཆའི་ཉོ་སྒྲུབ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྦགས་མེད་ཀྱི་དངུལ་རྩ་གོང་འཕེལ་ཧུར་ཐག་གཏོང་དགོས། འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་དར་སྤེལ་གཏོང་བ་དང་། བག་མེད་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་པ། འབྱུང་འཕྲོད་འགྲོ་སྐྱོད་བྱ་རྒྱུར་སྐུལ་ལྕག་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བའི་དར་སྲོལ་གསར་པ་གཏོད་པ་བཅས་བྱ་དགོས། སྐྱེ་ཁམས་ཐཱན་འདུས་ནུས་པ་མཐོ་རུ་གཏོང་བ་དང་། རྒྱལ་ཁམས་ས་ཆའི་བར་ཁམས་འཆར་འགོད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་དང་། རྩྭ་ཐང་། བརླན་ས། རྒྱ་མཚོ། ས་རྒྱུ། ས་འཁྱག་བཅས་ཀྱི་སྲ་ཐཱན་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་འཕར་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་གྱི་ཚད་གཞི་སྒྲིག་བཟོ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྦགས་མེད་ཀྱི་དར་གོས་ལམ་བུ་འཛུགས་སྐྲུན་བཅས་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག ཐཱན་འབུད་བཤངས་ཀྱི་ཚད་གཞི་མཐོ་ཤོས་དང་ཐཱན་སྙོམས་སྒྲིག་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་རེད་ལ། རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་ནུས་པར་ཚོད་བགམ་བྱེད་པའི་དམག་འཐབ་ཆེན་པོ་ཞིག་རེད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་དཔྱད་དཔོག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་འཁྱེར་ནས། དམིགས་ཚད་ཡོད་པ་དང་། བྱེད་ཐབས་བཟུང་བ། ཞིབ་བཤེར་བྱེད་པ་བཅས་བྱ་དགོས། འགོ་ཁྲིད་ལས་བྱེད་པས་ཐཱན་འབུད་བཤངས་དང་འབྲེལ་བའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྦགས་མེད་ཐཱན་ཉུང་གོང་འཕེལ་གྱི་འཇོན་ནུས་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
        ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་གནང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1