ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་མང་ཚོགས་ལ་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-22


        ས་གནས་དེ་གའི་དུས་ཚོད་སྤྱི་ཟླ3པའི་ཚེས20ཉིན། ཀྲུང་གོས་ཁོ་ལོམ་པི་ཡར་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཁག་གསུམ་པ་དེ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐར་འབྱོར་ཡོད། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་མང་ཚོགས་ལ་བརྙན་མཐོང་བརྒྱུད་ནས་གསུང་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས། འདོད་འདུན་མཐུན་ན། ས་ཐག་རིང་ཡང་ཆོག་ཅེས་པ་ལྟར། མཐའ་ཡས་པའི་ཞི་བདེ་རྒྱ་མཚོ་ཆེན་མོས་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་འགོག་མི་ཐུབ། ཕྲི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ41སོང་ཚུན། ཀྲུང་ཁོའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་བྱུང་ཡོད། ཀྲུང་གོ་ཉིད་ཁོ་ལོམ་པི་ཡའི་ཕྱོགས་ཀྱི་འཛམ་གླིང་སྟེང་གི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཨང་གཉིས་པ་དེར་གྱུར་བ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁོ་ལོམ་པི་ཡའི་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་ཁྲོད་ཧུར་ཐག་ངང་ཞུགས་ཀྱི་ཡོད། ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཚོགས་པ་དང་། ཀྲུང་གོ་དང་ཁོ་ལོམ་པི་ཡའི་མཛའ་གྲོགས་མི་སེམས་ལ་ཟུག་པ་ཞིག་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་རོགས་རེས་དང་དུས་ངལ་མཉམ་སེལ་བྱས་ཏེ་རིམས་འགོག་མཉམ་ལས་ཧུར་ཐག་ངང་སྤེལ་ཡོད། མི་རིང་བའི་གོང་། ཁོ་ལོམ་པི་ཡའི་ཕྱོགས་ཀྱིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁག་གཉིས་པ་དེ་འབྱོར་ཟིན་པ་དང་། དེ་རིང་ཡང་རིམས་འགོག་སྨན་ཁབ་ཁག་གཅིག་དབོར་འདྲེན་ཟིན་ཏེ། ཁོ་ལོམ་པི་ཡའི་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞིར་རོགས་རམ་ཐུབ་ཡོད། ཀྲུང་གོ་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་འགོག་བཅོས་སོགས་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་ཁོའི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།
        དེ་ཉིན་ཕྱི་ཕྱོགས་སུ་རྟོག་ཞིབ་གནང་བཞིན་པའི་ཙུང་ཐུང་ཏུའུ་ཁེ་ཡིས་ཆེད་མངག་དམིགས་བསལ་གྱི་མཛད་སྒོ་གཉེར་བ་བརྒྱུད། རྒྱལ་ཡོངས་ཁྱོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་དེ་བསྟན་པ་རེད། ཏུའུ་ཁེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་ཁོ་ལོམ་པི་ཡའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཁོ་ལོམ་པི་ཡ་ཕྱོགས་ཀྱི་རིམས་འགོག་ཐད་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་ནི་ཁོ་ལོམ་པི་ཡའི་ཆབ་སྲིད་སྟོབས་ཤུགས་ཁག་གིས་རྒྱ་ཁྱབ་ངང་འཛིན་པའི་ཐུན་མོང་ངོས་འཛིན་ཡིན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་ཁོ་ཀྲུང་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1