བདེ་སྐྱིད་འཚོ་བའི་ཞིང་སར་གློག་རྒྱུན་ཆད་མེད་དྲངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-22



དཀར་མཛེས་ཁུལ་གློག་འདོན་སྤྱི་གཉེར་ཁང་གིས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས་པའི་དངོས་བྲིས།

བདེ་སྐྱིད་འཚོ་བའི་ཞིང་སར་གློག་རྒྱུན་ཆད་མེད་དྲངས།

འབའ་ཐང་རྫོང་གི་གྲོང་སྡེ་རིམ་པའི་ཁང་ཐོག་འོད་ཤུགས་དབུལ་སྐྱོར་གློག་ཚུགས།


སྤྱི་ཟླ2པའི་ཚེས11ཉིན་གྱི་གནམ་གང་གི་དགོང་མོར།ལི་ཐང་རྫོང་ཇོ་བོ་ཡུལ་ཤོག་ཇོ་བོ་གྲོང་སྡེའི་ཡུལ་མི་ཕུན་ཚོགས་ཚང་གི་ནང་མི་ཡོངས་རྫོགས་གློག་དྲོད་ཅོག་ཙེའི་འགྲམ་དུ་བསྡད་དེ་ལོ་སར་གྱི་ཁ་ལག་ཟ་བཞིན་དུ་བརྙན་ལམ་ནས་ལོ་སར་དགོང་ཚོགས་ལ་ལྟ་བཞིན་མཆིས། ལོ་གཅིག་གི་གོང་ཙམ་དུ་ཁོ་ཚོས་འདི་འདྲའི་འཚོ་བ་སྐྱེལ་ཐུབ་པ་ནི་ཡིད་ལའང་འཁོར་མ་མྱོང་ཞིང་། གནས་ཚུལ་དེ་རིགས་ནི་གློག་གིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་བའི་གསལ་འགྲེལ་ཡག་ཤོས་ཤིག་རེད།

ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲྭ་སི་ཁྲོན་དཀར་མཛེས་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང(དཀར་མཛེས་གློག་གཏོང་སྤྱི་གཉེར་ཁང)གིས་གློག་ཤུགས་ཀྱིས་དབུལ་སྐྱོར་བྱ་རྒྱུ་གཙོ་བོར་བཟུང་པ་དང་དུས་མཚུངས་སུ་རིག་ནུས་དབུལ་སྐྱོར་དང་།གཅེས་སེམས་དབུལ་སྐྱོར། རིག་གནས་དབུལ་སྐྱོར། ཏང་འཛུགས་སྐྱོང་དབུལ་སྐྱོར་སོགས་བྱེད་ཐབས་སྣ་མང་སྤྱད་དེ་ས་ཁུལ་དབུལ་པོར་རོགས་རམ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་བཏང་བ་རེད།

གློག་དྲྭར་འཛུགས་སྐྲུན་ཐད་ཤུགས་བརྒྱབ་ནས་དབུལ་ཐར་གྱི་རྨང་གཞི་ བརྟན་དུ་བཏང་།

དབུལ་སྐྱོར་འགག་སྒྲོལ་བྱེད་དུས་གློག་ཤུགས་སྔོན་ལ་ལག་བསྟར་བྱེད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་གློག་དཀོན་པ་དེ་ནི་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་པའི་དཀའ་གནད་ཅིག་ཡིན་ཞིང་། གློག་དྲྭ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གློག་ཤུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ་དང་གནད་སྨིན་དབུལ་སྐྱོར། གནད་སྨིན་དབུལ་ཐར་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ར་རྔ་ཁ་ནས་དཀར་མཛེས། སེར་ཤུལ་བར་གྱི་གློག་དྲྭ་ལས་གྲྭ་དང་གློག་ཤུགས་མཁའ་ལམ་གྱི་ལས་གྲྭ། ཁྲོན་བོད་དྲྭ་སྦྲེལ་ལས་གྲྭ། གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་གྲུབ་ནས་སྤྱོད་མགོ་ཚུགས་པ་དང་ཆབས་ཅིག་གངས་ལྗོངས་ས་མཐོར་གློག་མེད་ནས་གློག་ཡོད་པར་གྱུར་ཡོད།

2018ལོར་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གིས་ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་གྱི་གློག་དྲྭའི་འགག་སྒྲོལ་ལས་དོན་སྤེལ་མགོ་ཚུགས་ཡོད་ཅིང་།རང་ཁུལ་ནི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པས་གདོང་མཆོང་གི་དུང་བརྡ་བཏང་ཡོད། དཀར་མཛེས་གློག་མཁོ་འདོན་སྤྱི་གཉེར་ཁང་གིས་གློག་དྲྭ་ཡག་པོར་བསྐྲུན་པ་དང་གཉེར་སྐྱོང་ཡག་པོ་བྱས་པ། ལྷག་པར་དུ་ས་ཁུལ་དབུལ་པོའི་གློག་དྲྭ་འཛུགས་སྐྲུན་མགྱོགས་སུ་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་ལ་ཞབས་འདེགས་ཞུ་བའི་གཙོ་གནད་དུ་བཟུང་ནས་ཞན་ཆ་ཁ་གསབ་དང་མི་འདང་སར་ཤུགས་བརྒྱབ་པ། གློག་ཤུགས་ཡོངས་ཁྱབ་ཞབས་ཞུའི་ལེགས་ཆ་འདོན་པ་བཅས་ཀྱིས་ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

2020ལོའི་སྤྱི་ཟླ6པའི་ཚེས19ཉིན་ལི་ཐང་ཞབས་པར་སྟོང་ཧྥུའུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་འཁོར་སྐྱོད་བྱེད་མགོ་ཚུགས་ཤིང་། ཞབས་པ་གློག་མཁོ་འདོན་ཁང་གི་མགོ་འཛིན་སུང་ཞའོ་ཧྲན་གྱིས་སླད་ཕྱིན་དགུན་ཁར་གློག་ཁང་སྲུང་མི་དགོས་ལ།ཡུལ་མི་ཚོ་དང་ཐུག་དུས་ཀྱང་སྔར་ལྟར་གློག་མི་འདང་བའི་དབང་གིས་དགོངས་པ་མ་ཚོམ་ཞེས་བཤད་མི་དགོས། སྔོན་ཆད་དགུན་དུས་ཆུ་མེད་པས་གློག་གཏོང་ཐུབ་ཀྱི་མེད།ཞབས་པ་ཡུལ་ཤོག་གི་གྲོང་སྡེ3ལ་རེས་མོས་ངང་གློག་བཅད་པ་ཡིན་ཞིང་། གློག་བཏང་ཡོད་པའི་གྲོང་སྡེ་ལའང་ཝ100ལྷག་ཙམ་ལས་མེད་པས་ཡུལ་མིའི་ཁྱིམ་དུ་གློག་ཆས་ཧ་ལམ་སྤྱོད་ཐུབ་ཀྱི་མེད།

བསྡོམས་རྩིས་བྱས་པར་གཞིགས་ན།རང་ཁུལ་གྱིས་ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་གྱི་ཆེས་དབུལ་བའི་ས་ཁུལ་དུ་གློག་དྲྭ་འཛུགས་སྐྲུན་ཨར་ལས་ལ་མ་དངུལ་སྒོར་དུང་ཕྱུར13.1བཏང་བ་དང་། སྟོང་ཧྥུའུ35དང་དེ་བཞིན་དེ་ཡན་གྱི་གློག་དྲྭའི་ལས་གཞི་ཆེ་འབྲིང18ལ་མ་དངུལ་སྒོར་དུང་ཕྱུར6.36བཏང་ཡོད། སྟོང་ཧྥུའུ10དང་དེ་མན་གྱི་དྲྭ་སྒྲིག་ལས་གཞི་ཁྱོན327ཡོད་པར་མ་དངུལ་སྒོར་དུང་ཕྱུར6.74གཏོང་རྩིས་ཡོད། ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་གྱི་ཞིང་སྡེའི་གློག་དྲྭ་སྒྱུར་བཀོད་འགག་སྒྲོལ་བྱས་པ་བརྒྱུད་དུད་ཚང་ཁྲི2.7དང་ཡུལ་མི་ཁྲི10.5ཡི་གློག་སྤྱོད་སྤུས་ཚད་ཀྱི་གནད་དོན་ལེགས་སུ་ཕྱིན་ཡོད། དེའི་ནང་གྲོང་སྡེ་དབུལ་པོ153དང་དུད་ཚང་དབུལ་པོ6189 མི་འབོར་དབུལ་པོ་ཁྲི2.4བཅས་ལ་ཁྱབ་ཐུབ་ཡོད། ཆེས་དབུལ་བའི་ས་ཁུལ་གྱི་གྲོང་སྡེའི་གློག་དྲྭའི་གློག་མཁོ་འདོན་ཐད་བློས་འགེལ་ཆོག་ཚད་བརྒྱ་ཆ99.8ལ་ཟིན་པ་དང་།ཕྱོགས་བསྡུས་གློག་གནོན་ལོན་ཚད་བརྒྱ་ཆ97.9ལ་ཟིན་ཡོད།དུད་ཚང་རེར་ཆ་སྙོམས་སྒྲིག་སྦྱོར་བྱེད་ཚད་སྟོང་ཧྥུའུ་ཨན2.14ལས་མི་དམའ་ཞིང་། དཀར་མཛེས་གློག་མཁོ་འདོན་སྤྱི་གཉེར་གྱིས་གློག་སྐུད་དང་གློག་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་རྩ་བསྐྲུན་ནས་ཆེས་དབུལ་བའི་ས་ཁོངས་ཀྱི་ལོ་མང་རིང་གློག་སྤྱོད་དཀའ་བའི་ལོ་རྒྱུས་མཇུག་འགྲིལ་པ་རེད།

སེམས་ཤུགས་དང་རིག་སྟོབས་ཐད་རོགས་སྐྱོར་བྱས་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱས།

མི་ལ་ཉ་ཐད་ཀར་བྱིན་པ་ལས་ཉ་འཛིན་པའི་ཐབས་ཤེས་སློབ་ན་དགའ་ཞེས་པ་ལྟར་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁྲོད་རིག་སྟོབས་དབུལ་སྐྱོར་ནི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་ཐར་གྱི་ནང་དོན་གལ་ཆེན་ཞིག་ཡིན།རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཏན་འཁེལ་གསུམ་གྱི་སློབ་མ(དཀར་མཛེས་ཁུལ་དང་རྔ་བ་ཁུལ།ལེང་ཧྲན་ཁུལ་མུ་ལི་རྫོང་གི་མཐོ་རྒྱུགས་དཀྱུས་མའི་སློབ་མའི་ཁྲོད་ནས་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་བསྡུས་ཏེ། དམིགས་འཛུགས་ཀྱིས་སློབ་མ་བསྡུ་བ་དང་།ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་པ།ཁ་ཕྱོགས་གཏན་འཁེལ་གྱིས་བཀོད་སྒྲིག་བྱེད་པ་བཅས་གཏན་འབེབས་གསུམ་གྱི་བྱེད་སྟངས་ཐོག་ནས་གསོ་སྐྱོང་བྱ་དགོས་ཞེས་བཏོན་ཡོད།)བསྡུས། དེ་འདྲ་བྱས་ན་བོད་འབྲེལ་ས་ཁུལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་ཐུབ་པར་མ་ཟད།བོད་འབྲེལ་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་སློབ་ཆེན་དུ་བསྐྱོད་ཐུབ་པ་བྱས་ནས་ཤེས་བྱའི་ཐོག་ནས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་རེད།

ཆོས་ལྡན་ནི་བྲག་མགོ་རྫོང་གི་ཞིང་བ་དབུལ་བོའི་ཁྱིམ་ཚང་ཞིག་ཏུ་སྐྱེས།མཐོ་འབྲིང་ནས་སློབ་མཐར་ཕྱིན་རྗེས་སློབ་ཆེན་ལ་རྒྱུགས་འཕྲོད་མ་ཐུབ། 2010ལོར་ཁོ་རང་རྒྱལ་ཁབ་གློག་དྲྭ་སི་ཁྲོན་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་དུ་བསྡུ་ལེན་བྱས་པའི་གཏན་འཁེལ་གསུམ་སློབ་མའི་ཁག་དང་པོར་གྱུར། སློབ་གྲྭར་སྡོད་རིང་ཁོ་རང་ཆེད་ལས་ཤེས་བྱར་སློབ་སྦྱོང་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་བསམ་བློ་དང་བྱ་སྤྱོད་གང་ཐད་ནས་ཀྱང་ཏང་རྩ་འཛུགས་ཕྱོགས་སུ་ཧུར་ཐག་ཞུགས་ནས་ཏང་ཡོན་ཞིག་ཏུ་གྱུར།

སློབ་མཐར་ཕྱིན་རྗེས་ཆོས་ལྡན་བྲག་མགོ་རྫོང་མཁར་དང་བར་ཐག་སྤྱི་ལེ20ལྷག་ཙམ་ཡོད་པའི་གཞི་མདའ་ཡུལ་ཤོག་གློག་སྒྱུར་ས་ཚུགས་སུ་ལས་བགོས་བྱས། ལས་ཀའི་ཐད་ཁོས་རང་དཀའ་སྡུག་ལ་མི་སྐྲག་པར་དཀའ་སྤྱད་འབད་བརྩོན་བྱས་ནས་ཉེན་མེད་ཐོན་སྐྱེད་དང་གློག་རིན་ཚུར་བསྡུ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཁོ་ནི་བྲག་མགོའི་མི་ཡིན་ཏེ་དེ་ནའི་སྐད་ཤེས་པས་མི་སེར་དང་འབྲེལ་གཏུག སྤེལ་རེས་སོགས་བྱེད་པའི་ཐད་དེ་བས་བདེ་བླག་བྱུང་ཡོད།ཁོས་དུས་རྒྱུན་མི་སེར་གྱི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོར་གློག་སྤྱོད་དཀའ་བའི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པས་ས་གནས་དེ་གར་སྐད་གྲགས་ཆོད་པའི་གློག་ཤུགས་མཁས་ཅན་ཞིག་ཏུ་གྱུར་ཡོད།

ཆོས་ལྡན་ལས་ཞུགས་བྱས་རྗེས་ཤེས་བྱའི་གལ་ཆེའི་རང་བཞིན་སྔར་བས་རྟོགས་ནས་དཔལ་འབྱོར་ཐད་ནས་གཅུང་མོ་གཉིས་སློབ་གྲྭར་བསྐྱོད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅིང་།ད་ཆ་གཅུང་མོ་གཅིག་ས་གནས་དེ་གའི་དགེ་རྒན་ལ་རྒྱུགས་འཕྲོད་ཡོད་ལ་གཅིག་ཤོས་ནི་ཉེན་རྟོག་པ་ལ་རྒྱུགས་འཕྲོད་ཡོད།ཆོས་ལྡན་ཚང་གི་འཚོ་བའི་ཆ་རྐྱེན་ཡང་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། ད་ཆ་ཆོས་ལྡན་གྱིས་ཀྱང་རྟག་ཏུ་ཁོངས་གཏོགས་ཁུལ་གྱི་དུད་ཚང་དབུལ་པོ་གཞན་དག་ལ་རོགས་རམ་བྱས་ནས་ཁོང་ཚོར་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་བྱེད་ཀྱི་ཡོད།དགུན་ཁ་སླེབས་སྐབས་ཁོ་དང་ལས་རོགས་ཚོས་མགར་ར་གྲོང་སྡེའི་འགན་ལེན་ལྔའི་དུད་ཚང་ལ་རིན་མེད་ངང་གློག་སྐུད་རྙིང་པ་བརྗེས་ནས་ཁོང་ཚོར་ཉེན་མེད་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱས། དེ་མིན་རི་ཉ་གྲོང་སྡེའི་ལོ་ན70ལ་སླེབས་པའི་མི་ཧྲེང་རྒན་རྒོན་བཀྲ་ཤིས་ལ་ལྟ་སར་སོང་ནས་ཁོང་ལ་བུད་ཤིང་དང་འབྲས།སྣུམ་བཅས་སྤྲད་པས་མ་ཚད་ཁྱིམ་མཚེས་ཕྲུ་གུ་ཚོར་ཡང་ནས་བསྐྱར་དུ་སློབ་སྦྱོང་ཡག་པོ་བྱ་དགོས་པའི་སྐུལ་མ་བཏང་།

ཤེས་རྟོགས་བྱུང་བར་གཞིགས་ན།2010ནས2020ལོའི་བར་དཀར་མཛེས་ཁུལ་གློག་གཏོང་སྤྱི་གཉེར་ཁང་གིས་གཏན་འཁེལ་གསུམ་གྱི་སློབ་མའི་སྲིད་ཇུས་ལ་བརྟེན་ནས་སློབ་མ་དབུལ་པོ370སློབ་ཆེན་དུ་བསྐྱོད་པར་རོགས་རམ་བྱས་ཏེ་སློབ་མ་དབུལ་པོ་རྣམས་ལ་ལག་རྩལ་སྣ་གཅིག་སྦྱོང་དུ་བཅུག་ནས་སློབ་གསོས་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གཏམ་རྒྱུད་རྒྱུན་ཆད་མེད་པར་ཐོན་དུ་འཇུག་པ་རེད།

ཇུས་འདོན་གནད་ཁེལ་བྱས་ནས་དམིགས་འཛུགས་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་ཐོབ།

གནད་སྨིན་དབུལ་སྐྱོར་བྱེད་པར་ངེས་པར་དུ་གནད་སྨིན་དབུལ་སྐྱོར་གྲོང་སྡེའི་གནས་ཚུལ་ཁོང་དུ་ཆུད་པ་བྱ་དགོས། ལས་བྱེད་པ་གྲོང་སྡེར་བཅའ་སྡོད་བྱེད་པ་ནི་གྲོང་སྡེ་དབུལ་པོའི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པའི་ཐབས་ལམ་ཞིག་ཡིན་ཏེ། དཀར་མཛེས་ཁུལ་གློག་འདོན་སྤྱི་གཉེར་ཁང་གི་རྐང་འཛིན་སྟོབས་ཤུགས་བདམས་ནས་རང་ཁུལ་གྱི་གྲོང་སྡེ་དབུལ་པོ་ཁག་ཏུ་གྲོང་སྡེར་བཅའ་སྡོད་ལས་བྱེད་པར་མངགས་ཡོད།

2017ལོའི་སྤྱི་ཟླ4པར་བཀྲ་ཤིས་ཆོས་འཕེལ་ཉག་ཆུ་རྫོང་སྤོ་སེར་ཡུལ་ཤོག་དད་མགོ་གྲོང་སྡེ་རུ་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་མངགས་ཡོད་ཅིང་། གྲོང་སྡེ་དེ་ནི་ཉག་ཆུ་རྫོང་གི་ཆེས་ཐག་རིང་ལུང་ཁུག་གི་ཡིག་ཚགས་བྱང་བུ་བཟོས་པའི་གྲོང་སྡེ་དབུལ་པོ་ཞིག་ཡིན་པས་དབུལ་ཐར་ཚད་བརྒྱ་ཆ58ལ་ཟིན་ཡོད།བཀྲ་ཤིས་ཆོས་འཕེལ་གྲོང་སྡེར་སླེབས་རྗེས་དེ་ནའི་གློག་སྤྱོད་སྤུས་ཚད་འགན་ལེན་བྱུང་མེད་པར་ཤེས། ཁོས་བརྟག་དཔྱད་ཞིབ་འཇུག་བྱས་མཐར་འཕྲལ་དུ་སྤྱི་གཉེར་ཁང་ལ་སྙན་སེང་ཞུས་པ་དང་། འབྲེལ་མཐུད། མཐུན་སྦྱོར་བཅས་བྱས་མཐར་གྲོང་སྡེ་དེའི་གློག་ཤུགས་འཛུགས་སྐྲུན་དེ2018ལོའི་ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གཉིས་ཀྱི་ལས་གྲྭའི་འཛུགས་སྐྲུན་ལས་གཞིའི་ནང་ཚུད་ཐུབ་ཡོད།

གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་ཚེ་གྲོང་སྡེའི་ནང་གཙོ་རྟེན་ཐོན་ལས་འཕེལ་རྒྱས་གཏོང་ན་གཞི་ནས་དབུལ་པོའི་རྩ་བ་མེད་པ་བཟོ་ཐུབ། དེར་བརྟེན། བཀྲ་ཤིས་ཆོས་འཕེལ་གྱིས་གང་སའི་གསོ་ཚགས་དང་འདེབས་འཛུགས་སྤྱི་གཉེར་དང་འབྲེལ་བ་བྱས་ནས་ས་རྒྱུའི་གྲུབ་ཆར་ཞིབ་དཔྱད་བྱས་པ་བརྒྱུད་གྲོང་སྡེའི་ནང་རྒྱ་ལུགས་དང་བོད་ལུགས་གསོ་རིག་སོགས་ཟུར་སྣོན་རིན་ཐང་མཐོ་བའི་སྐྱེ་དངོས་འདེབས་རྒྱུར་འཚམ་པོ་ཡོད་པ་ཤེས་རྟོགས་བྱུང་། དེ་རྗེས་ཁོས་རང་ཉིད་ཀྱི་དངུལ་བཏོན་ནས་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་སྣེ་ཁྲིད་བྱས་ཏེ་ཁྲེང་ཏུའུ་ཕུང་དབན་ཧྲེང་ཅིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་རྟོག་ཞིབ་ཏུ་སོང་རྗེས་ཡུལ་མིའི་ཚོགས་འདུ་འཚོགས་ནས་ཚང་མས་ཐུན་མོང་ལས་གཞིའི་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་དུ་བརྩི་རྒྱུའི་མོས་མཐུན་བྱས་པ་དང་དུས་མཚུངས་སུ་ཞིང་ཆེན་རིམ་པའི་གྲོང་སྡེའི་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་གཏོང་སྤྲོད་གཞན་སྒྱུར་མ་དངུལ་རེ་ཞུ་བྱས། མ་དངུལ་དམིགས་སར་འབྱོར་རྗེས་གྲོང་སྡེ་ཡོངས་ཀྱིས་ཆུ་གཏོར་འདྲེན་མདོང་ལམ་སྤྱི་ལེ3.5དང་སྨན་རྒྱུའི་རྟེན་གཞི་མུའུ40བསྐྲུན་ཡོད། ད་སྔར་འདེབས་འཛུགས་ལས་གཞི་དང་དེ་བཞིན་ལེ་ལག་ཚང་བའི་ལས་གཞི་ལེགས་གྲུབ་ཟིན་པ་དང་སྨན་རྒྱུ་སྐྱེ་འཚར་ཡག་པས་མི་སེར་གྱི་ཁས་ལེན་གང་ལེགས་ཐོབ་ཡོད།

རང་ཁུལ་དུ་བཀྲ་ཤིས་ཆོས་འཕེལ་ལྟ་བུའི་གློག་ཤུགས་གྲོང་སྡེར་བཅའ་སྡོད་ལས་བྱེད་པ21ཡོད་ཅིང་། ནུས་ལྡན་གྱི་བྱ་ཐབས་དང་ཞིབ་ཚགས་ཀྱི་འཆར་གཞི་རེ་རེ་ཁོང་ཚོའི་དཀའ་སྤྱད་འབད་བརྩོན་འོག་དོན་དུ་འཁྱོལ་བས་གྲོང་སྡེ་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་བཏང་བ་དང་གྲོང་སྡེའི་དབུལ་པོའི་དབུལ་ཕུངས་ཞྭ་མོ་རྒྱང་དུ་འཕངས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1