རིམས་འགོག་སྨན་ཁབ་སྐོར་གྱི་གནས་ཚུལ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-22



          རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དྲ་ཚིགས་ལྟར་ན། ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་པིན་དང་། ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་དབུ་བཞུགས་མཁས་པ་ཝང་ཧྭ་ཆིང་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཕེབས་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་སྐོར་ལ་འབྲེལ་བའི་གནས་ཚུལ་མཚམས་སྦྱོར་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། གཤམ་གསལ་ནི་ཡིག་ངོས་སུ་བཀོད་པའི་ཟིན་བྲིས་ཡིན།

          གསར་འགོད་པས། མིག་སྔར་ཁྲོམ་རར་འདོན་རྒྱུ་ཆོག་མཆན་སྤྲད་པའི་རིམས་འགོག་སྨན་ཁབ་སྣ་བཞི་ཡོད་པ་ཕུད་པའི་རིམས་འགོག་སྨན་ཁབ་གཞན་དག་བཟོས་པའི་གནས་ཚུལ་ཅི་འདྲ་ཡིན་ནམ། གནས་ཚུལ་སྤེལ་བར་གཞིགས་ན། ཡོན་ཧྲི་ཁྲེན་ཝུའེ་དང་ཡོན་ཧྲི་ཀྲུང་ནན་ཧྲན་ཚོགས་པས་སླར་ཡང་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་བཀོད་སྒྲིག་བྱས་འདུག མིག་སྔར་རིམས་འགོག་སྨན་ཁབ་གསར་པ་གསར་སྤེལ་བྱེད་པར་དམིགས་བསལ་གྱི་དོན་སྙིང་ཅི་ཞིག་ལྡན་ནམ། 
          ཝང་ཅུན་ཀྲི་ཡིས། མིག་སྔར་རང་རྒྱལ་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ17ནད་ཐོག་སྨན་བཅོས་ཀྱི་དུས་མཚམས་སུ་སླེབས་པ་དང་། སྣ་ཁ4ལ་ཟུར་བཀོད་ཆ་རྐྱེན་ཆོག་མཆན་ཐོབ་ཅིང་། དེ་མིན་གྱི་ལག་རྩལ་ལམ་ཕྱོགས་གསུམ་ཡང་གཞི་རྩའི་ཆ་ནས་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ནང་ཚུད་པའམ་ཡང་ན་ལམ་སེང་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་དུས་མཚམས་སུ་སླེབས་རྒྱུ་རེད། ཚང་མས་རྗེས་ཕྱོགས་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་པར་ཐུགས་ཁུར་ཆེན་པོ་བྱེད་སྲིད། རིམས་འགོག་སྨན་ཁབ་དེ་དག་ཁྲོམ་རར་མ་བཏོན་གོང་ངེས་པར་དུ་ལས་དོན་གཉིས་སྤེལ་དགོས་པ་སྟེ། གཅིག་ནི་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་གྲངས་གཞི་གཏན་འབེབས་དང་འཚམ་མིན། གཉིས་ནི་ཚོང་ལས་ཅན་གྱི་གཞི་ཁྱོན་ལྡན་པའི་ཐོན་སྐྱེད་བཟོ་རྩལ་ཚོད་ལྟས་ར་སྤྲོད་བྱས་ནས་སྤུས་ཚད་ཀྱི་ཚད་ཐིག་ལ་ཚང་མས་བློས་འགེལ་ཆོག་པ་ཞིག་བཟོ་དགོས་པ་དང་། ནད་ཐོག་ཚོད་ལྟ་བྱེད་པར་ནད་ཐོག་ཞིབ་འཇུག་གི་གཞི་གྲངས་འདང་ངེས་ཤིག་ཐོབ་དགོས། དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ཅིང་། དེ་དག་ཚང་མ་ཕྱི་རྒྱལ་དུ་བཟོས་པ་ཤ་སྟག་ཡིན་པས་དེའི་ནང་ནས་དཀའ་ངལ་མང་པོ་སེལ་དགོས། གྲངས་གཞི་འདང་ངེས་ཤིག་རག་རྗེས་འཆར་འགོད་དང་མཐུན་པའི་ནུས་པ་ཐོན་རྒྱུ་བདེན་དཔང་བྱེད་པ་དང་བདེ་འཇགས་རང་བཞིན་གྱི་གྲངས་གཞི་དེ་དང་ལེན་ཐུབ་པའི་རྨང་གཞི་ཡོད་དུས། རེ་ཞུ་བས་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ལ་ཁྲོམ་རར་འདོན་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དེ་འཕྲལ་དཔྱད་ཞིབ་ལས་ཀ་སྒྲིག་འཛུགས་བྱས་ནས་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་བདེ་འཇགས་དང་ཕན་ནུས་ལྡན་པའི་རིམས་འགོག་སྨན་ཁབ་ཁྲོམ་རར་འདོན་རྒྱུར་འགན་སྲུང་བྱ་ངེས། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1