གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༢༤ཉིན།

ཨོ་སི་ཁྲུ་ལི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་བྱུང་མ་མྱོང་བའི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཤར་ཕྱོགས་མཚོ་འགྲམ་ས་ཁུལ་དུ་ཉེ་བའི་ཉིན་འགའི་རིང་ལ་བསྟུད་མར་དྲག་ཆར་བབས་ཏེ། ས་ཁོངས་སྐོར་ཞིག་ལ་ལོ་ལྔ་བཅུ་ལྷག་གི་རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བ་དང་། སྡོད་དམངས་ཁྲི་སྟོང་མང་བོ་བྲེལ་མྱུར་ངང་བདེ་འཇགས་ས་ཁུལ་དུ་སྐྱེལ་དགོས་བྱུང་ལ། ཁང་བ་བརྒྱ་ཕྲག་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། 
        ཞིན་ནན་ཝེ་ཨར་ཧྲི་ཀྲིག་ཏུ་མི་ས་ཡ་བརྒྱད་ཡོད་ལ། ཨོ་སི་ཁྲུ་ལི་ཡཱའི་མི་གྲངས་ཆེས་མང་བའི་ཀྲིག་ཅིག་རེད། ཀྲིག་ཀྲང་པེ་ལོས་ཅི་ཁི་ལེ་ཨན་གྱིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཀྲིག་ཡོངས་སུ་དྲག་ཆར་གྱི་གནོད་འཚེ་ཐེབས་པ་དང་། གནས་བབ་སྔོན་དཔག་ལས་ལྷག་ཏུ་ཚབས་ཆེན་ཡིན་ལ། ཀྲིག་དེའི་ལྟེ་གནས་གྲོང་ཁྱེར་ཞི་ནེའི་ནུབ་བྱང་ཕྱོགས་ཀྱི་ས་བབ་དམའ་བའི་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཧ་ཅང་ཚབས་ཆེན་རེད་ཟེར། ང་ཚོས་ཁ་སང་སྔོན་དཔག་བྱས་ན་དེ་ནི་ལོ་ཉི་ཤུ་ལྷག་གི་རིང་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཞིག་ཡིན་པར་བརྗོད་ཀྱང་། ད་ལྟ་བལྟས་ན་དེ་ནི་ལོ་ངོ་ལྔ་བཅུའི་རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཞིག་རེད་ཟེར། 
        པེ་ལོས་ཅི་ཁི་ལེ་ཨན་གྱིས་བཤད་རྒྱུར། དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ལས་ཁང་བར་གཏོར་བརླག་ཐེབས་པའི་དབང་གིས་སྡོད་དམངས་མི་ཉུང་བ་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ནས་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་བར་བདེ་འཇགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་། གཞན་ཡང་མི་སྟོང་གཅིག་ལྷག་ལ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་བདེ་འཇགས་ས་ཁུལ་དུ་འགྲོ་བའི་བཀའ་རྒྱ་འབྱོར་ཡོད་ལ། ཕྱིན་ཆད་ཀྱི་ཉིན་འགའི་ནང་ད་རུང་མི་སྟོང་བཞི་ཙམ་ལ་བདེ་འཇགས་ས་ཁུལ་དུ་འགྲོ་བའི་བཀའ་རྒྱ་འབྱོར་སྲིད་ཟེར། 
        བརྙན་རིས་ལས་མངོན་པ་ལྟར་ན། ཆུ་ལོག་གིས་གཞུང་ལམ་དང་ཤིང་སྡོང་སོགས་ལ་གཏོར་བརླག་ཐེབས་པར་མ་ཟད། ཐ་ན་ཁང་ཤར་ཧྲིལ་བོ་ཁུར་བའི་སྣང་ཚུལ་ཡང་ཡོད། བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚོད་དཔག་བྱས་པ་ལྟར་ན་སྡོད་དམངས་ཀྱི་ཁང་བ་བརྒྱ་སྟོང་མང་བོར་ཆུ་ལོག་གི་གཏོར་བརླག་ཐེབས་ཡོད་པ་རེད། 
        གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་བསྟུད་མར་ཉིན་འགའི་རིང་དྲག་ཆར་འབབ་རྒྱུ་ཡིན་པ་རེད། བསྒྲགས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཆར་བ་བབས་པའི་ཚུན་ལ། ཨོ་སི་ཁྲུ་ལི་ཡཱའི་བྲེལ་མྱུར་གནས་ཚུལ་པུའུ་ལ་རེ་ཞུའི་ཁ་པར་སྟོང་བདུན་ལྷག་འབྱོར་ཡོད་ཟེར། 
        ཞིན་ནན་ཝེ་ཨར་ཧྲི་ཀྲིག་གི་འགྲིམ་འགྲུལ་རྒྱུ་ལམ་མང་བོ་བཀག་སྡོམ་བྱས་ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་མི་ཉུང་བ་ཞིག་གིས་ཚེས་ཉེར་གཉིས་ཉིན་ནས་བཟུང་གཟའ་འཁོར་གཅིག་རིང་སློབ་ཁྲིད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཡོད། 
        ཞིན་ནན་ཝེ་ཨར་ཧྲི་ཀྲིག་ཏུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐྱེལ་འདྲེན་ལ་བར་ཆད་ཐེབས་པ་དང་། མི་ས་ཡ་མང་བོར་འགོག་སྨན་བརྒྱག་པར་ཤུགས་རྐྱེན་ཐེབས་ཡོད་པ་རེད། 
        ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གནོད་ཐེབས་ས་ཁུལ་དུ་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1