ས་ཡོམ་ཚད་རིམ6.1ཅན་གྱི་མདུན་དུ། ཤག་ཆུ་གྲོང་རྡལ་སློབ་ཆུང་གིས་འདི་ལྟར་ཉེན་ཁར་ཁ་གཏད་འཇལ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-25




        ཟླ3པའི་ཚེས19ཉིན་གྱི་ཆུ་ཚོད14དང་སྐར་མ11སྟེང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་ཚད་རིམ6.1ཅན་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ10ཡོད། 
        ས་ཡོམ་བྱུང་དུས། ཆེས་འཁྲང་ས་དང་སེམས་ཁུར་བྱེད་ས་ནི་སློབ་གྲྭ་རེད། ས་ཡོམ་བྱུང་དུས་ཡོམ་ལྟེ་དང་ཆེས་ཐག་ཉེ་བའི་ཤག་ཆུ་གྲོང་རྡལ་སློབ་ཆུང་གིས་ས་ཡོམ་ལ་ཇི་ལྟར་ཁ་གཏད་འཇལ་བ་རེད་ཅེ་ན།
        ཕྱི་དྲོའི་ཆུ་ཚོད2དང་སྐར་མ11སྟེང་དུ། སློབ་རིམ་གསུམ་པའི་འཛིན་གྲྭ་དང་པོར་ཕྱི་དྲོའི་སློབ་ཁྲིད་དང་པོ་སྟེ་ཀུན་སྤྱོད་དང་ཁྲིམས་ལུགས་སློབ་ཚན་ཁྲིད་ཀྱིན་ཡོད། ས་ཡོམ་བྱུང་བའི་སྐབས་དེར། དགེ་རྒན་ཀརྨ་ཚེ་འཕྲིན་ལས་སྒམ་བརླིང་ངང་འདི་སྦྱོང་བརྡར་མ་རེད་ཅེས་ཐེངས་གསུམ་ལ་སྐད་བརྒྱབ་པ་དང་། ཚང་མ་ཅོག་ཙེའི་འོག་དུ་སྦས་ཤིག་ཅེས་སློབ་མ་རྣམས་ལ་བཀོད་འདོམས་བྱས། དེའི་རྗེས་སློབ་མ་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་ཁང་ལས་ཁྲིད་དེ་ལུས་རྩལ་ར་བའི་ཕྱོགས་སུ་རྒྱུག་པའི་རྣམ་པ་དེ་ལྟ་རྟོག་བརྙན་མིག་གིས་གསལ་བོར་བླངས་ཡོད། 
        དེ་དང་མཉམ་དུ། ད་སོ་མར་བྱ་བར་ཞུགས་ནས་ལོ་གཅིག་ལོན་ཞིང་ལོ་རབས90བར་སྐྱེས་པའི་དགེ་རྒན་བཀྲ་ཤིས་དབང་ལྷས་སློབ་རིམ་གཉིས་པའི་འཛིན་གྲྭ་གསུམ་པའི་སློབ་མ44ལ་རྩིས་རིག་ཁྲིད་ཀྱིན་ཡོད། ས་ཡོམ་བྱུང་དུས། གཞིས་ཀ་རྩེ་ནས་ཡོང་བའི་ཁོས་ནག་ཆུའི་ཡུལ་སྐད་རྒྱག་བཞིན་བྱིས་པ་རྣམས་ལ་ཡར་རྒྱུག་མར་རྒྱུག་མ་བྱེད། སྐྲག་མི་དགོས། བྲེལ་འཚུབ་ལངས་མི་དགོས་ཞེས་ཡང་དང་བསྐྱར་དུ་སློབ་མ་རྣམས་ལ་བཀོད་འདོམས་དང་སེམས་གསོ་བྱེད་བཞིན་ཡོད། 
        ས་ཡོམ་བྱུང་ནས་སྐར་མ་གཉིས་ཀྱི་རྗེས་སུ། སློབ་རིམ་སོ་སོའི་སློབ་མ་རྣམས་གོ་རིམ་ལྡན་པའི་ངང་ནས་ལུས་རྩལ་ར་བར་འདུས་ཡོད། ལྟ་རྟོག་བརྙན་མིག་ལས་སློབ་གཙོ་སྒྲོལ་སྐྱིད་ཡང་བསྐྱར་སློབ་ཁྲིད་ཐོག་ཁང་དུ་ཕྱིན་པ་དང་སློང་ཁང་རེ་རེའི་སྒོ་ཕྱེ་ནས་སློབ་མ་ལུས་ཡོད་མེད་ལ་ལྟ་ཞིབ་བྱེད་བཞིན་པའི་སྣང་ཚུལ་མཐོང་ཐུབ། 
        ས་ཡོམ་བྱུང་རྗེས་ཀྱི་སྐར་མ་གསུམ་གྱི་ནང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ1677ཚང་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལུས་རྩལ་ར་བར་འདུས་ཡོད། ང་ཚོས་ཐོལ་བྱུང་དོན་རྐྱེན་འཕྲད་ཀྱང་སྒམ་བརླིང་ངང་ཉེན་ཁར་ཁ་གཏད་འཇལ་བའི་ཤག་ཆུ་གྲོང་རྡལ་སློབ་ཆུང་གི་དགེ་སློབ1677ལ་བསྔགས་བརྗོད་བྱ་འོས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1