དཀར་མཛེས་ཀྱི་དམག་འཛོམས་ཆེན་མོས་དམར་དམག་གི་གཙོ་ཤུགས་ཆེན་མོ་གསུམ་ལྷན་འཛོམས་ཡོང་བར་རྨང་གཞི་བཏིང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-02


དཀར་མཛེས་ཀྱིས་དམར་དམག་གི་གཙོ་ཤུགས་ཆེན་མོ་ལྷན་འཛོམས་ཡོང་བར་རྨང་གཞི་བཏིང་།

ཐོག་མའི་དམིགས་སར་སྐྱོད་པ།

བཅར་འདྲི་བྱ་ཡུལ།

སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་།

ལོ་རྒྱུས་ཀྱི་གདེང་འཇོག།

དམར་དམག་དང་དཀར་མཛེས་རྫོང་གི་མི་སེར་བར་བརྩེ་དུང་ཟབ་མོ་ཆགས་ནས་རྒྱང་སྐྱོད་ལོ་རྒྱུས་ཐོག་བརྗེད་དཀའ་བའི་ཤོག་ལྷེ་ཞིག་བྲིས་ཡོད་པ་རེད། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་བར་དམག་གིས་དམངས་ལ་གཅེས། དམངས་ཀྱིས་དམག་ལ་བཀུར་བའི་འབྲེལ་བ་ཆགས་ནས་ཇི་སྲིད་བར་དུ་བསྔགས་བརྗོད་བྱས་དང་བྱེད་བཞིན་ཡོད་པས་མ་ཚད། དཀར་མཛེས་རྫོང་དུ་དམག་འཛོམས་བྱས་པ་ཡང་དམར་དམག་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ཐོག་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཏུ་གྱུར་པ་རེད།

དཀར་མཛེས་ཁུལ་དཀར་མཛེས་རྫོང་ནི་གསར་བརྗེའི་གནས་མཆོག་ཡིན་ཞིང་། དཀར་མཛེས་དཔུང་འཛོམས་ཀྱི་བརྗིད་ཉམས་རབ་ཏུ་ཆེ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་པའི་བར་མནའ་མཐུན་འབྲེལ་འདྲིས་ཀྱི་འཕྲིན་བཟང་ནི་རྒྱང་སྐྱོད་སྙིང་སྟོབས་ལས་དཀར་མཛེས་ཀྱི་ལེའུ་ཞིག་བརྩམས་ཡོད་པ་རེད།

སྤྱི་ཟླ་དང་པོའི་ཚེས30ཉིན་དཀར་རྫོང་འཕྲིན་སྦྱོར་ལྟེ་གནས་ཀྱི་མདོ་འཛིན་པ་ལྷ་མོ་ཡིས་སྣེ་ཁྲིད་བྱས་འོག་གསར་འགོད་པ་རྫོང་གི་གྲོང་ཁུལ་གྱི་ཉི་གཞོན་གླིང་གའི་མི་རིགས་ཡུལ་སྲོལ་གོམས་འདྲིས་གྲོང་སྡེའི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་གཉིས་ཀྱི་དྲན་གསོ་ཁང་དུ་བསྐྱོད་དེ་ལོ85ཡི་གོང་གི་ལོ་ཟླའི་རིང་གི་ལོ་རྒྱུས་ཉམས་ལེན་བྱས་པ་ཡིན།

རྒྱལ་ཁའི་དམག་འཛོམས་ཆེན་མོ་ཞིག།

དཀར་མཛེས་ཁུལ་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཙུའོ་ཡིས་དཀར་མཛེས་སུ་རྒྱལ་ཁ་ངང་དམག་འཛོམས་བྱུང་བས་བྱང་དུ་བསྐྱོད་དེ་ཐུན་མོང་ཐོག་རི་འགོག་བྱེད་པའི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། དམར་དམག་གི་གཙོ་ཤུགས་དམག་དཔུང་ཆེན་པོ་གསུམ་འཛོམ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད་པ་རེད།

1936ལོའི་ཟླ་བ་དང་པོར། དམར་དམག་དཔུང་རུ་བཞི་པ་ལྷོ་གཡག་རྔའི་པའེ་ཀྲང་ཀོན་དུ་བསྐྱོད་པར་ཕམ་ཉེས་བྱུང་སྟེ། དཔུང་ཤུགས་ཇེ་ཉུང་དུ་སོང་བ་དང་། ཤར་དང་ལྷོ་ཕྱོགས་སུ་བསྐྱོད་པའམ། ས་ཆ་དེ་ག་ནས་འཕེལ་རྒྱས་གཏོང་མི་ཐུབ་པའི་རྐྱེན་གྱིས་རྩ་དོན་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ནུབ་ཏུ་བསྐྱོད་དེ་འབུམ་ཚོགས་གཉིས་པ་དང་དྲུག་པ་ལ་རམ་འདེགས་བྱེད་པ་དང་། བྱང་དུ་དཔུང་སྐྱོད་ཀྱི་ཐབས་ཇུས་ལེགས་པོ་དང་ལེན་བྱས་ཏེ།《ཁམས་རྟའུ་དང་ལྕགས་ཟམ་བཅས་ཀྱི་གཡུལ་འགྱེད་འཆར་གཞི》ཁྱབ་བསྒྲགས་བྱས། ཟླ2པའི་ཟླ་སྨད་དུ་ལིའུ་པོ་ཁྲེང་གིས་ཀྲུང་གོའི་རི་འགོག་དམར་དམག་གི་སྔོན་སྐྱོད་དམག་གི་སི་ལིང་ཡོན་བྱས་ཏེ་དམར་དམག་འབུམ་ཤོག་སུམ་ཅུའི་སྣེ་ཁྲིད་དེ་ཏང་ལིང་གངས་རི་བརྒལ་ནས་རྟའུ་ཕྱོགས་སུ་དཔུང་འཇུག་བྱས། ཟླ3པའི་ཚེས1ཉིན།དམར་དམག་འབུམ་ཤོག་སུམ་བཅུ་པས་རྟའུ་བཙན་བཟུང་བྱས་ཏེ་ནུབ་སྐྱོད་དཔུང་སྡེའི་སྒོ་མོ་ཕྱེ་ནས་ཚེས30ཉིན་དཀར་མཛེས་རྫོང་གི་མངའ་ཁོངས་སུ་བདེ་བླག་ངང་འབྱོར།

1935ལོའི་ཟླ11པར། དམར་དམག་འབུམ་ཚོགས་གཉིས་པ་དང་དྲུག་པར་བློ་མཐུན་རེན་པི་ཧྲི་དང་།ཧོ་ལུང་།ཀོན་ཞང་ཡིང་།ཝང་ཀྲེན།ཞའོ་ཁེ་སོགས་ཀྱི་མགོ་ཁྲིད་འོག ཧུའུ་ནན་སང་ཀྲི་ལིའུ་ཅ་ཕིང་དང་ཅབ་ཙི་ཡ་ས་ཁུལ་ནས་ལམ་ལ་ཆས་ཏེ་རྒྱང་སྐྱོད་བྱེད་མགོ་བརྩམས་པ་དང་། ཟླ་བ་མང་པོར་དཀའ་སྤྱད་ཀྱིས་དམག་འཐབ་བྱས་ཏེ། 1936ལོའི་ཟླ4པར་འབྲི་ཆུ་བརྒལ་ནས་དགྲ་དམག་གིས་བསྐོར་བ་ལས་ཐར། ཟླ4པའི་ཟླ་མཇུག་ལ་གཡུ་ལུང་གངས་རི་བརྒལ་ནས་རྒྱལ་དམ་ལ་སླེབས་ཤིང་། ཡུན་ནན་གྱི་ནུབ་བྱང་ས་ཁུལ་དུ་མི་ཧ་ཅང་ཉུང་ཞིང་། འཚོ་བའི་དཀའ་ཁག་ཆེ་བས། དམག་དཔུང་གཞུང་སྒྲིག་རུ་ཁག་གཉིས་བགོས་ནས་དཀར་མཛེས་ཕྱོགས་སུ་བསྐྱོད།

དམར་དམག་འབུམ་ཤོག་གཉིས་པ་ནི་གཡས་ཕྱོགས་གཞུང་སྒྲིག་རུ་ཁག་བྱས་ནས་སྡེ་རོང་དང་།འབའ་ཐང་། དཔལ་ཡུལ་བརྒྱུད་དེ་དམར་དམག་འབུམ་ཤོག་བཞི་པར་དམག་འཛོམས་བྱས། དམར་དམག་འབུམ་ཤོག་དྲུག་པ་གཡོན་ཕྱོགས་གཞུང་སྒྲིག་རུ་ཁག་བྱས་ནས་ཕྱག་ཕྲེང་དང་འདབ་པར་བརྒྱུད་དེ་དམར་དམག་འབུམ་ཤོག་བཞི་པས་མངགས་པའི་རམ་འདེགས་འབུམ་ཤོག་སོ་གཉིས་པ་དང་ལི་ཐང་དགའ་བ་རུ་དམག་འཛོམས་བྱས། ཟླ7པའི་ཚེས2ཉིན།དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་མཉམ་དུ་དཀར་མཛེས་རྫོང་དུ་དམར་དམག་འབུམ་ཤོག་བཞི་པ་དང་རྒྱལ་ཁའི་ངང་དམག་འཛོམས་བྱུང་།

དམག་འཛོམས་བྱུང་རྗེས། དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་ཀྲུང་གོའི་བཟོ་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་བཙུགས་ཤིང་། ཧོ་ལུང་གིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར། རེན་པི་ཧྲིས་ཆབ་སྲིད་ཨུ་ཡོན་གྱི་འགན་ཁུར། དེའི་རྗེས་དམར་དམག་འབུམ་ཤོག་གཉིས་པ་དང་བཞི་པ་དཀར་མཛེས་རྫོང་གི་གྲོང་འདབས་སུ་དམག་འཛོམས་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུའུ་ཏེས་གཏམ་བཤད་གནང་ནས་ཚང་མར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་མུ་མཐུད་བྱང་དུ་བསྐྱོད་རྒྱུའི་འབོད་སྐུལ་གནང་བ་རེད།

ཟླ7པའི་ཚེས3ཉིན།དམར་དམག་དཔུང་ཕྱོགས་བཞི་པའི་ཆབ་སྲིད་པུའུ་ཡིས《བྱང་སྐྱོད་ལྗར་འགོག་གི་ཆབ་སྲིད་ཁག་ཐེག་འཆར་གཞི》ཁྱབ་བསྒྲགས་བྱས་ཏེ། བྱང་སྐྱོད་སྔོན་གྱི་སྔར་ལྷག་གིས་སྐུལ་སློང་དང་རྩ་འཛུགས་ཀྱི་བྱ་བ་བསྒྲུབས། ཟླ7པའི་ཚེས4ཉིན། དམར་དམག་གི་སྤྱི་ཁྱབ་ཁང་དཀར་མཛེས་ནས་སྟོང་ཁོག་ཕྱོགས་སུ་བསྒྱུར།

དཀར་མཛེས་དམག་འཛོམས་ལ་ཁྱོན་དུས་ཚོད་ཟླ་བ་བདུན་དང་ཉིན་བཅུ་འགོར་ཞིང་། ལམ་ཐག་ལེ་དབར་ཁྲི1ཙམ་བསྐྱོད་ཅིང་ཁམས་ཕྱོགས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དང་། དཀར་མཛེས་དམག་འཛོམས་ཀྱང་དམར་དམག་རྒྱང་སྐྱོད་ལོ་རྒྱུས་ཐོག་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད།

གཙོ་ཤུགས་དམར་དམག་ཆེན་པོ་གཉིས་བྱང་དུ་བསྐྱོད་དེ་དགྲ་བོས་ཀྲུང་གོའི་བཟོ་ཞིང་དམར་དམག་ཁྲི6ལྷག་ཙམ་ཁམས་བོད་མཐོ་སྒང་དུ་བཀག་པའི་ལྐོག་གཡོ་གཏོར་ཏེ་དམར་དམག་གཙོ་ཤུགས་ཆེན་པོ་གསུམ་རྒྱལ་ཁའི་ངང་དཔུང་འཛོམས་བྱུང་བ་དང་ལེ་དབར་ཁྲི་ཡི་རྒྱང་སྐྱོད་རླབས་པོ་ཆེ་ལ་རྨང་གཞི་བརྟན་པོ་བཏིང་བ་རེད། མའོ་ཙི་ཏུང་གིས་རྒྱང་སྐྱོད་མཇུག་གྲིལ་མ་ཐག་རྣམ་པ་གསར་པའི་མགོ་ཚུགས་ཡོད་ཅེས་བསྟན་ཡོད། དོན་སྙིང་འདིའི་ཐོག་ནས་དམར་དམག་འབུམ་ཤོག་གཉིས་པ་དང་བཞི་པ་དཀར་མཛེས་སུ་དམག་འཛོམས་བྱུང་བ་ནི་ལམ་དུ་ལྷོང་བའི་དམག་འཛོམས་ཆེན་མོ་ཞིག་ཡིན་པ་བཤད་ཆོག

དམག་དམངས་བར་མཛའ་བརྩེའི་འབྲེལ་བ་ཟབ་པོ་ཆགས།

དམར་དམག་དཀར་མཛེས་སུ་སྡོད་རིང་རྫོང་ཡོངས་ཀྱི་རྫ་ཁོག་དང་། རྡོ་ཐོག། ཤར་ཕྱོགས་བཅས་ཡུལ་ཤོག་ཕུད་དེ་མིན་ཚང་མར་དམར་དམག་གི་རྗེས་ཤུལ་བཞག་ཡོད། དམར་དམག་གིས་དཀར་མཛེས་སུ་མང་ཚོགས་སྐུལ་སློང་བྱས་ཏེ་འབྲུ་རིགས་དང་གཟན་རྩྭ་བསྡུ་གསོག་བྱེད་ཅིང་། དཔུང་སྡེ་སྒྲིག་སྦྱོང་བྱས་པ་སོགས་ལས་ཀ་འབོར་ཆེན་བསྒྲུབས། ཏང་གིས་སློབ་གསོ་བཏང་བར་བརྟེན་ནས་སྙིང་ཐག་པ་ནས་དམར་དམག་ལ་བརྩི་བཀུར་དང་དམར་དམག་གི་ཚབ་ཏུ་བྱ་བ་སྒྲུབ་མཁན་ཧུར་བརྩོན་ཅན་ཁག་གཅིག་ཐོན་ཡོད་པ་རེད།

དཀར་མཛེས་རྫོང་གི་ལོ་རྒྱུས་ཡིག་ཆར་གཞིགས་ན། དམར་དམག་དཀར་མཛེས་སུ་སྡོད་རིང་ཀྲུའུ་ཏེས་སྔ་རྗེས་སུ་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་དང་བཀའ་མོལ་ཐེངས9གནང་བ་རེད། སྙིང་གཏམ་ཤོད་རེས་ཡང་ཡང་བྱས་པ་བརྒྱུད་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྙིང་ཉེ་བའི་གྲོགས་པོར་གྱུར་པ་དང་འབྲེལ་བ་ཚེ་གང་བསྐྱངས་ནས་རྒྱ་བོད་སྤུན་ཟླའི་བར་ནམ་ཡང་ངབརྒྱུད་གཏོང་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་ཤིག་བརྩམས་ཡོད།

དུས་མཚུངས་སུ་ཧུར་བརྩོན་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་།ཆོས་ལུགས་དང་མི་རིགས་མཐོ་རིམ་མི་དྲག་ལ་མཐུན་སྒྲིལ།སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་ལྷིང་ཡོང་བ།ཐོན་སྐྱེད་འཕེལ་རྒྱས།དམར་དམག་བྱང་ཕྱོགས་སུ་རི་འགོག་བྱེད་པར་རྒྱབ་སྐྱོར་བཅས་བྱེད་ཆེད།གྲ་སྒྲིག་བྱས་པར་བརྒྱུད1936ལོའི་ཟླ3པ་ནས4པའི་བར་དམར་དམག་གིས་ས་གནས་དེ་གར་གྲངས་ཉུང་མི་རིགས་ལ་རོགས་རམ་བྱས་ཏེ་རིམ་པ་ཁག་གི་བོད་པ་སྲིད་གཞུང་བཙུགས་པ་རེད། དཀར་མཛེས་ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འབྲེལ་ཡོད་མི་སྣས་བོད་པ་སྲིད་གཞུང་བཙུགས་པ་དེ་ནི་ཏང་གི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཐབ་ཕྱོགས་ལམ་ཕྱོགས་ཀྱི་རྒྱལ་ཁ་ཡིན་ལ་ཏང་གི་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད།

དཀར་མཛེས་རྫོང་བོད་པ་སྲིད་གཞུང་གིས་དམར་དམག་བློ་འདྲི་བའི་མཛུབ་སྟོན་འོག དམར་དམག་བྱང་དུ་སྐྱོད་པར་འབྲུ་རིགས་གྲབས་གསོག་བྱེད་པའི་འབྲུ་ཞིང་རྩ་འཛུགས་བཙུགས། བོད་པ་སྲིད་གཞུང་གིས་ལས་བྱེད་པ་ཧུར་བརྩོན་ཅན་མངགས་ནས་དམར་དམག་དང་མཉམ་དུ་ངལ་བ་ཁྱད་བསད་དང་། སྔར་འགྲོ་ཕྱིར་ལོག ཁྱིམ་ཚང་རེ་རེ་བཞིན་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་དང་སྐུལ་སློང་བྱས་པ་རེད།

དམར་དམག་དཀར་མཛེས་སུ་སྡོད་རིང་བོད་པ་སྲིད་གཞུང་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དམར་དམག་ལ་བལ་དང་། གདན། རྩམ་པ་སོགས་འཐག་ཏུ་བཅུག་པ་དང་།དམར་དམག་ལ་སྦུད་པ་དང་།མེ་ཆ་སྤྱོད་སྟངས་སོགས་ཁྲིད་པ། རོང་པ་ཚ་རུ་ཉིན་ལྟར་དམར་སྒར་སུ་བལ་འཕུར་མཁན་བུད་མེད20ཙམ་ཡོད། དཀར་མཛེས་ས་ཆ་ཁག་གི་ཆུ་འཁོར་འཐག་ཁང་གིས་སྔོན་ལ་དམར་དམག་གི་རྩམ་པ་འཐག་ཏུ་འཇུག་གི་ཡོད། དམར་དམག་བྱང་ཕྱོགས་སུ་བསྐྱོད་སྐབས་བོད་རིགས་གཞོན་ནུ10ལྷག་ཙམ་དམར་དམག་ནང་ཞུགས་ཡོད་པ་དང་།དེ་སྔོན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་བཀྲ་ཤིས་དབང་ཕྱུག་ཀྱང་དེའི་དུས་དམར་དམག་ནང་ཞུགས་ཡོད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།དཀར་མཛེས་རྫོང་ཡོངས་ཀྱིས་དམར་དམག་ལ་འབྲུ་རིགས་རྒྱ་མ་ཁྲི་བརྒྱ་ལྷག་ཙམ་དང་འབྲི་གཡག་དང་རྟ་བརྒྱ་ལྷག་ཙམ་རོགས་སྐྱོར་བྱས་ཏེ། དམར་དམག་ངལ་གསོ་དང་སྦྱོང་སྒྲིག་དེ་བཞིན་བྱང་དུ་བསྐྱོད་པར་དཀའ་ངལ་ཧ་ཅང་ཆེན་པོ་བསལ་ཡོད། དམར་དམག་འགྲོ་སྐབས་དཀར་མཛེས་རྫོང་གིས་གུར་བཅུ་ལྷག་སྤྲད་པ་དང་། ལམ་སྣེ་འཁྲིད་མཁན140ལྷག་ཙམ་མངགས་ནས་དམར་དམག་སྟོང་ཁོག་དང་།གསེར་ཐར།རྔ་བ་སོགས་སུ་བསྐྱལ་བར་མ་ཟད།ཁག་གཅིག་ད་དུང་ཀན་སུའུ་རུ་བསྐྱོད་དེ་ལམ་བར་དུ་དམར་དམག་ལ་བུད་ཤིང་འཐུ་རོགས་དང་མེ་བཏང་སྟེ་ལྟོ་ཆས་བཟོས་ཤིང་ཤ་ཉེ་སྤུན་འདྲིས་ལྟར་གྱུར་ཡོད། སྣེ་ཁྲིད་པ་འགའ་ཞིག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམར་དམག་གི་རྗེས་སུ་འབྲངས་ཏེ་ལྗར་འགོག་གཡུལ་སར་བསྐྱོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1