ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-23


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་4པའི་ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་གཏོང་ལམ་སྲོལ་ལག་བསྟར་སྔར་བས་ཡག་པོ་བྱས་ཏེ་ནོར་སྲིད་མ་དངུལ་གྱིས་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པ་འདོགས་རྒྱུའི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་ལག་ལེན་བསྟར་སྲོལ་ཡིག་(བཟོ་བཅོས་མ་ཟིན་)༽ཅེས་པར་གྲོས་འཆམ་བྱུང་ཡོད།
        གྲོས་ཚོགས་ཐོག ནོར་སྲིད་མ་དངུལ་ཐད་གཏོང་ལམ་སྲོལ་ལག་བསྟར་བྱ་རྒྱུ་ནི་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ན་ནིང་ཀྲུང་དབྱང་ནོར་སྲིད་ཀྱིས་ཐད་གཏོང་མ་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་བདུན་སྟོང་གཤམ་སྤྲོད་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་གཞི་རིམ་ལ་ཁྲལ་འཕྲི་གྲོན་གཅོག་བྱ་རྒྱུའི་ཐད་ནུས་པ་ཆེན་པོ་འདོན་སྤེལ་བྱས་པས། དཔལ་འབྱོར་གྱི་གཞི་རྩའི་ཆ་བརྟན་པོ་ཡོང་རྒྱུར་འདེགས་སྐྱོར་གལ་ཆེན་བྱས་ཡོད། ༼སྲིད་གཞུང་གི་ལས་དོན་སྙན་ཞུའི༽བླང་བྱ་གཞིར་བཟུང་། འདི་ལོ་ཐད་གཏོང་ལམ་སྲོལ་རྒྱུན་གཏན་ཅན་དུ་འགྱུར་རྒྱུ་དེ་ན་ནིང་གི་ཐད་གཏོང་མ་དངུལ་དང་འཕར་གྲངས་ཀྱི་མ་དངུལ་དང་མི་འདྲ་བར་འདི་ལོ་གཙོ་བོ་བསགས་འབོར་མ་དངུལ་ཡིན་པ་དང་། མ་དངུལ་བགོ་འགྲེམས་ཀྱི་ཁེ་ཕན་ཆགས་སྟངས་སྒྱུར་བཅོས་དང་ལེགས་སྒྲིག་བྱས་པ་བརྒྱུད། ཀྲུང་དབྱང་ནོར་སྲིད་ཀྱི་དམངས་འཚོའི་ཁ་གསབ་མ་དངུལ་ཁྱོན་ཡོངས་ནས་ཐད་གཏོང་གི་ཁྱབ་ཁོངས་ནང་བཅུག་པས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཉིས་ཁྲི་བརྒྱད་སྟོང་ཟིན་ཞིང་མིག་སྔར་སྒོར་དུང་ཕྱུར་ཉིས་ཁྲི་དྲུག་སྟོང་གཤམ་སྤྲོད་བྱས་ཟིན་ཡོད། གོམ་སྟབས་རྗེས་མར།
        གཅིག་ནས་དཔལ་འབྱོར་བརྟན་པོའི་ངང་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཐད་གཏོང་མ་དངུལ་དག་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཁག་ཅིག་གི་ཕྱིར་འཐེན་བྱས་པའི་ཤུགས་རྐྱེན་སེལ་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས། ལས་ཞུགས་འགན་སྲུང་དང་དམངས་འཚོ་འགན་སྲུང་། ཁྲོམ་རའི་གཙོ་སྲུང་འགན་སྲུང་བཅས་ལ་མུ་མཐུད་དུ་སྤྱོད་རྒྱུ་དང་། མ་དངུལ་དེ་དག་མང་ཚོགས་ཀྱི་རེ་བ་དང་། ཁེ་ལས་ཀྱིས་རེ་སྒུག་བྱེད་པའི་ཁྱབ་ཁོངས། དེ་བཞིན་གཞི་རིམ་གྱི་གླ་ཕོགས་འགན་སྲུང་དང་འཁོར་རྒྱུག་འགན་སྲུང་ཐད་སྤྱོད་རྒྱུ། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་སོགས་གཞི་རྩའི་དམངས་འཚོའི་ཐད་གཏོང་རྒྱུ། གཉིས་ནས་ས་གནས་ཁག་གིས་ཀྲུང་དབྱང་གི་ཐད་གཏོང་མ་དངུལ་གྱི་རྨང་གཞིའི་ཐོག་ས་གནས་ནོར་སྲིད་ཀྱི་མ་དངུལ་ཐད་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་མུ་མཐུད་ནས་ནོར་ལྷ་ལྟ་བུ་བྱེད་པ་ལས་ཚོང་ལས་ལ་དོ་ཁུར་མེད་བྱེད་མཁན་གྱི་ཚོང་དཔོན་ལྟ་བུ་མི་བྱེད་པར་ནོར་ཤུགས་དེ་བས་མང་བ་གཞི་རིམ་དུ་སྤྱོད་དགོས། གསུམ་ནས་ཐད་གཏོང་མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། ནོར་སྲིད་དང་། རྩིས་བཤེར། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ་རྫུན་ཞུ་གཡོ་ལེན་དང་བཀག་ཉར་གཞན་སྤྱོད་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཤེས་རྟོགས་ཐུབ་ཚེ་མཉམ་དུ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས། ཐད་གཏོང་མ་དངུལ་གྱིས་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པ་འདོགས་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
        གྲོས་ཚོགས་ཐོག་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)༽ཅེས་པར་གྲོས་འཆམ་བྱུང་ཡོད། འཆར་ཟིན་ནང་། རྨོ་ཞིང་དང་ལྷག་པར་དུ་ཡུན་རིང་གི་གཞི་རྩའི་ས་ཞིང་ལ་དོ་དམ་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་པ་དང་། ཞིང་སྤྱོད་ས་ཆ་དང་ལྷག་པར་དུ་རྨོ་ཞིང་དེ་དག་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་རྒྱུར་ཚོད་འཛིན་ནན་པོ་བྱེད་པ་དང་ཆབས་ཅིག་རྨོ་ཞིང་དེ་དག་ནགས་ས་དང་རྩྭ་ཐང་སོགས་ཞིང་སྤྱོད་ས་ཞིང་གཞན་དག་ལ་བསྒྱུར་རྒྱུར་ཚོད་འཛིན་བྱས་ཐོག རྨོ་ཞིང་གི་བཟུང་གསབ་དོ་སྙོམས་ཞེས་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། འཆར་ཟིན་ནང་། ས་ཆ་བསྡུ་ལེན་གྱི་གོ་རིམ་ཞིབ་ཕྲ་བཟོས་པ་དང་། བསྡུ་ལེན་ཁ་གསབ་ཚད་ལྡན་དུ་བཏང་སྟེ་ས་ཆ་བསྡུ་སྤྱོད་བྱས་པའི་ཞིང་པའི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། ལྟ་སྐུལ་གྱི་དབང་ཆ་བཅས་འགན་ལེན་བྱས་ཡོད། འཆར་ཟིན་ནང་། ཞིང་པའི་ལུགས་མཐུན་གྱི་ཁང་སའི་དགོས་མཁོ་འགན་ལེན་བྱས་ནས་ཞིང་པར་ཁྲིམས་ལྟར་ཐོབ་པའི་ཁང་སའི་ཁེ་དབང་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། འཆར་ཟིན་ནང་ད་དུང་། ས་ཆའི་ལྟ་ཞིབ་ལམ་ལུགས་ཞིབ་ཚགས་སུ་བཏང་བ་དང་། རྨོ་ཞིང་ལ་གཏོར་བཤིག་གཏོང་བ་དང་ཁྲིམས་འགལ་ངང་ས་ཆ་བཟུང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ། རྨོ་ཞིང་ཐོག་འབྲུ་རིགས་འདེབས་བཙུགས་མི་བྱེད་པར་ཆད་གཅོད་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་ཏན་འབེབས་ཀྱང་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1