མཛོད་དགེ་རྫོང་གིས་ཨ་མདོ་བོད་འགྱིག་འགྲན་སྡུར་སྐབས་བཞི་བ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 04-26




    དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ཤུགས་ཆེར་གཏོང་ཆེད། ཟླ་4པའི་ཚེས་20ཉིན། མཛོད་དགེ་རྫོང་གི་2021ལོའི་དམངས་ཕན་རིག་གནས་སྐོར་གྱི་ཨ་མདོ་བོད་འགྱིག་འགྲན་སྡུར་སྐབས་བཞི་བ་དངོས་སུ་སྤེལ་མགོ་བརྩམས། ཁྲོན་ཀན་མཚོ་གསུམ་ནས་ཡོང་བའི་བོད་འགྱིག་ལ་དགའ་མཁན་60ལྷག་འགྲན་སྡུར་དུ་ཞུགས།

    ཐེངས་འདིའི་བོད་འགྱིག་འགྲན་སྡུར་ནི། མཛོད་དགེ་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་འགན་གཙོ་བོ་ཁུར་ཞིང་། རྫོང་བོད་འགྱིག་མཐུན་ཚོགས་ཀྱིས་སྤེལ་འགན་ཁུར། འགྲན་སྡུར་དུས་ཡུན་ནི་ཉིན་གསུམ་ནས་བཞིའི་བར་ཡིན། འགྲན་སྡུར་ཁྲོད་མཛའ་བརྩེ་ཨང་དང་པོ་དང་འགྲན་སྡུར་ཨང་གཉིས་པར་འཛིན་པའི་རྩ་དོན་ལྟར། འགྲན་ཞུགས་མཁན་གྱི་གཏན་ཚིགས་ཀྱི་བསམ་གཞིག་ནུས་པ་དང་སྟབས་བསྟུན་ནུས་པ་ལ་ཚོད་བགམ་དང་སྦྱོང་བརྡར་གནང་བ་བརྒྱུད། སྔར་ལས་བོད་འགྱིག་ལ་དགའ་མཁན་ཚོའི་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཞིང་། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་ངེས།

    བོད་འགྱིག་མཐུན་ཚོགས་ཀྱི་ཤན་འབྱེད་པ་ནའེ་ལིས་བཤད་རྒྱུར།དེ་རིང་མཛོད་དགེ་རྫོང་ཨ་མདོ་བོད་འགྱིག་འགྲན་སྡུར་སྐབས་བཞི་བ་དངོས་སུ་མགོ་བརྩམས། བྱེད་སྒོ་འདི་ནི་ལོ་རེ་བཞིན་མཛོད་དགེ་རྫོང་སྲིད་གཞུང་དང་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དྲང་བདེན་དང་དྲང་བཞག་རྩ་དོན་དུ་བརྩིས་ཏེ་སྤེལ་བཞིན་ཡོད། ད་ཐེངས་ཞིང་ཆེན་མང་བོ་ནས་འགྲན་ཞུགས་པ་མང་བོ་ཐོན་འདུག་ཟེར།

    བོད་འགྱིག་གི་མིང་གཞན་ལ་མིག་མངས་ཀྱང་ཟེར། འདི་ནི་མཚོ་བོད་མཐོ་སྒང་ནས་དུས་ཡུན་རིང་བོར་རྒྱུད་འཛིན་གྱིས་དར་འཕེལ་བྱུང་བའི་རྒྱའི་ཝེ་ཆི་ཞེས་པ་དང་རིགས་འདྲ་བའི་འགྱིག་རྩེད་ཅིག་ཡིན། བོད་འགྱིག་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ནོར་བུ་ཞིག་ཀྱང་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1