སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-26



ཚོགས་ཐོག་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ལས་ཀར་དཀའ་སྤྱད་སྙིང་རུས་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་འབད་འཐབ་ལྷོད་མེད་བྱ་དགོས་པར་བསྟན།

སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

སྤྱི་ཟླ4པའི་ཚེས22ཉིན་ལ་སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་ཆེན་དུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་ཞིང་། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། མགོ་འཛུགས་ས་གསར་པའི་ཐོག་ནས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཞིང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་མགྱོགས་མྱུར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཧོང་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་ཚོགས་ཆེན་དུ་ཞུགས་ཡོད།

སྔ་དྲོའི་ཆུ་ཚོད10པར་ཁྲེང་ཏུའུ་ཅིན་ཅང་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་མགོ་ཚུགས་པ་རེད། ཏེང་ཞའོ་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《སི་ཁྲོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་བྱུང་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། ཕེང་ཆིང་ཧྭ་དང་ཧོང་ཆང་། ཁེ་ཙུན་ཕིང་། ཏེང་ཞའོ་ཀང་བཅས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། ལི་ཁའེ་དང་ཅིན་ཏུང་། ཏིང་ཧྥང་ལི། ལི་ཧྭ་སོགས་རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱི་གཟེངས་བསྟོད་ཐོབ་པའི་འཐུས་མི6གིས་བསམ་འཆར་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།

ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་སྐབས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་། དབུལ་ཐར་འགག་སྒྲོལ་ལ་བྱས་རྗེས་འབུལ་མཁན་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན། ཡུལ་སྡེའི་རྒྱ་ཆེ་བའི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས། གྲོང་ཞུགས་བྱེད་པའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། དང་བླངས་པ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། སི་ཁྲོན་གྱི་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་ཁག་དང་། སི་ཁྲོན་དུ་ཞུགས་པའི་ཀྲུང་དབྱང་གི་ཚན་པ་ཁག། སི་ཁྲོན་དུ་ཞུགས་པའི་དམག་དཔུང་དཔུང་སྡེ། སྤུན་ཟླ་ཞིང་ཆེན་ཁག་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སི་ཁྲོན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སེམས་ཁུར་དང་རོགས་རམ་གནང་བའི་ཀང་ཨའོ་ཐའེ་དང་ཕྱིར་སྡོད་རང་མི་དང་། ཕྱི་རྒྱལ་གྱི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཕེང་ཆིང་ཧྭས་གསུངས་དོན། སི་ཁྲོན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ལས་འགན་ཆེས་ལྕི་བའི་ཞིང་ཆེན་གྱི་ཡ་གྱལ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་སི་ཁྲོན་གྱི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་མཐོང་ཆེན་ཆེན་པོ་བྱས་ནས་སི་ཁྲོན་དུ་ཐེངས་མང་པོ་ཕེབས་ནས་ལྟ་སྐུལ་ཁྲིད་སྟོན་གནང་ཞིང་མཆན་བཀོད་མཛུབ་སྟོན་ཡང་གནང་བ་དེས་ང་ཚོར་སྐུལ་ལྕག་ཟབ་མོ་ཐེབས་ཡོད། ལོ་འདི་ཁ་ཤས་རིང་ལ་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་བློར་བརྟན་པོར་བཞག་ནས་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་དབུལ་ཐར་འགག་སྒྲོལ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་དམངས་འཚོའི་ལས་གྲྭ་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་སུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དཀའ་སྤྱད་ཚད་མེད་དང་དགའ་སྐྱོ་གཉིས་ལྡན་ངང་དབུལ་ཐར་འགག་སྒྲོལ་གྱི་སི་ཁྲོན་གཡུལ་འགྱེད་ལས་རྣམ་པར་རྒྱལ་བ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ད་ཡོད་ཚད་གཞི་འོག ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་ཕོངས་ཁྲི625དབུལ་ཐར་ཐུབ་ཡོད་པ་དང་། རྫོང་དབུལ་ཕོངས88དང་གྲོང་སྡེ་དབུལ་ཕོངས11501ཚང་མར་དབུལ་གྲས་ལས་འབུད་ཡོད། ས་ཁོངས་རང་བཞིན་གྱི་སྤྱི་ཁོག་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་ཅིང་། དབུལ་ཕོངས་དབུལ་རྐྱང་ཁྱོན་ཡོངས་ནས་མེད་པར་བཟོས་ཤིང་། དབུལ་ཐར་འགག་སྒྲོལ་ལས་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་རེད། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བཞག་པའི་དམ་བཅའ་བརྗིད་ཆེ་བ་ལག་ལེན་དུ་བསྟར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་རྒྱུགས་ཤོག་ཚད་ལོན་ཞིག་ཕུལ་ཡོད།

ཕེང་ཆིང་ཧྭས་ནན་གསུང་གནང་དོན། དབུལ་ཐར་ཞྭ་ཕུད་པ་ནི་མཇུག་མཐའ་མ་ཡིན་པར། འཚོ་བ་གསར་པ་དང་འབད་འཐབ་མགོ་ཚུགས་ས་ཡིན་པས། དབུལ་ཐར་འགག་སྒྲོལ་རྒྱལ་ཁ་ཐོབ་རྗེས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་ཡུལ་ཤོག ས་ཁོངས་གོང་འཕེལ་ཧེ་བག་ཇེ་ཆུང་དུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་བཏང་སྟེ། ཞིང་ལས་དང་གྲོང་སྡེའི་དེང་རབས་ཅན་དུ་འགྱུར་བར་སྔར་བཞིན་ལམ་ཐག་རིང་བོ་ཡིན་ཞིང་། ང་ཚོས་ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་མུ་མཐུད་འབད་བརྩོན་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་དེ་བས་བརྟན་པོ་ཡོང་བ་དང་། དེ་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས། བར་བརྒལ་དུས་སྐབས་ནང་གི་མི་ལེན་པའི་བླང་བྱ་བཞི་དོན་འཁྱོལ་ནན་ཏན་བྱས་ཏེ། དབུལ་ཕོངས་བསྐྱར་ལོག་མི་ཡོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་ཤུགས་རྒྱག་དགོས། གསར་སྤེལ་གྱི་རྣམ་པ་ལྡན་པའི་རོགས་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་དང་ལས་ཞུགས་རྒྱ་ཆེ་རུ་གཏོང་བ་སོགས་ཀྱིས་གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་དགོས། ཁྱོན་ཡོངས་ནས་ཡུལ་སྡེའི་དར་རྒྱས་གཏོང་བའི་འཐབ་ཇུས་ལ་དམིགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བཅས་ལ་དམིགས་ཏེ། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་བཞག་རྒྱུར་རྒྱུན་འཁྱོངས་བྱ་དགོས། ཡུལ་སྡེའི་བཅོས་བསྒྱུར་ཁག་གཉིས་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་རྒྱུ་དང་། དེང་རབས་ཀྱི་ཞིང་ལས་གླིང་ཁུལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཡུལ་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ། ཞིང་ལས་དང་ཡུལ་སྡེའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཞིང་ལས་ཀྱི་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་དང་ཡུལ་སྡེ་རུ་སྡོད་འཚམ་པ་དང་ལས་རིགས་ལ་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་མངོན་འགྱུར་གང་ཐུབ་བྱ་དགོས།

བློ་བརྟན་འགྱུར་མེད་ངང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོ་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱ་དགོས། ཏན་ཏན་ཏིག་ཏིག་དང་ཡུན་རིང་བའི་ཆེད་དུ་བྱས་རྗེས་རྒྱུན་ཆད་མེད་པར་མི་རྣམས་ཀྱི་སྒོ་ཀུན་ནས་ཡར་རྒྱས་ཡོང་བ་དང་སྤྱི་ཚོགས་སྒོ་ཀུན་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་སྔར་བས་འགན་སྲུང་། སྔར་བས་རྒྱུན་མཐུད་ཐུབ་པ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1