ཞི་ཅིན་ཕིང་མཚོ་དམག་གི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་གཅིག་སྡུད་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་བྱེད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27




འདི་ནི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཨང་18པ་རྟགས་ཅན་གྱི་དམག་གྲུར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་མཚོ་དམག་གི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་སྟེ། རྒྱང་སྐྱོད་ཨང་18པ་རྟགས་ཅན་གྱི་དམག་གྲུ་དང་། ཏ་ལན་རྟགས་ཅན་གྱི་དམག་གྲུ། ཧའེ་ནན་རྟགས་ཅན་གྱི་དམག་གྲུ་བཅས་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ཞིག་ཏུ་གཅིག་སྡུད་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་ནང་ཞུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་བྱེད་སྒོར་ཞུགས་པ་རེད།
   ཟླ་བཞི་པའི་སན་ཡ་རུ་ནམ་མཁའ་གཡའ་དག་ཅིང་ཉི་འོད་དྲོ་ལ་བསིལ་རླུང་འཇམ། དམག་དོན་གྲུ་ཁའི་ནང་དུ་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་གྱིས་གྲལ་སྟར་བསྒྲིགས་པ་དང་མཚོ་དམག་གི་གུས་ལུགས་གཟབ་ཤོས་ཏེ་དར་ཚོན་ཡོངས་སུ་བཀལ་ཡོད། མཚོ་དམག་དཔུང་སྡེ་དང་དམག་གྲུ་ཚན་ཞིབ་ཐོན་སྐྱེད་ཚན་པའི་འཐུས་མི་2400ཙམ་གྲུ་ཁར་རུ་སྟར་བསྒྲིགས་ནས་བསྡད་པའི་རྣམ་པ་གཟབ་ཅིང་རྒྱས་ལ་འཁྲུག་ཆ་དོད་པ་ཞིག་ཡོད།
   ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་30ཡོལ་ཙམ་ལ་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་མཛད་སྒོ་འགོ་ཚུགས་ཤིང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསངས་མཐོན་པོས་བླངས་པ་དང་ཆབས་ཅིག་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྒྲེངས། གུས་ལུགས་དམག་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་སྲུང་བཞིན་དུ་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་འོང་། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་དེ་རྒྱང་སྐྱོད་ཨང་18པ་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་ཆབ་སྲིད་ཨུ་ཡོན་དང་། ཏ་ལན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་ཆབ་སྲིད་ཨུ་ཡོན། ཧའེ་ནན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་ཆབ་སྲིད་ཨུ་ཡོན་བཅས་ལ་གནང་བ་དང་། དམག་གྲུ་རིགས་གསུམ་གྱི་གྲུ་དཔོན་ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཏེ། ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་བླངས་པ། ཞི་ཅིན་ཕིང་གིས་ཁོང་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
   ཀྲང་ཡིའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཞུས་ཆི་ལེང་གིས་དམག་གྲུ་གྲལ་དུ་ཞུགས་པ་དང་། དམག་གྲུའི་མིང་། གྲུ་ཨང་བཅས་ཁྱབ་བསྒྲགས་གནང་བ། ཏིང་ཤུའེ་ཞང་དང་། ལིའུ་ཧོ། དེ་བཞིན་ལི་ཙོ་ཁྲེང་བཅས་མཛད་སྒོར་ཞུགས་པ་རེད།
   ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཧྥན་ཕེ་དང་མཚོ་དམག་གི་ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་རྣམ་གཉིས་ཀྱིས་མཛད་སྒོའི་ཐོག་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
   རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་དུ་མཇུག་འགྲིལ་ཞིང་། དེ་རྗེས་ཞི་ཅིན་ཕིང་དམག་གྲལ་ལ་གསར་དུ་ཞུགས་པའི་དམག་གྲུའི་ཐོག་ཕེབས་ཏེ། དམག་གྲུའི་གུས་ལུགས་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། འབྲེལ་ཡོད་གོ་མཚོན་དང་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ། དཔོན་དམག་རྣམས་དང་སྤེལ་རེས་གནང་བ་མ་ཟད། ད་དུང་གྲུ་གཟིངས་ཀྱི་ཉིན་ཐོའི་ཐོག་གཟབ་ཅིང་ནན་པའི་སྒོ་ནས་མཚན་རྟགས་ཀྱང་བཀོད་གནང་བ་རེད།
   བྱེད་སྒོ་སྤེལ་རིང་། ཞི་ཅིན་ཕིང་གིས་གྲུ་ཁར་དམག་གྲུ་ཚན་ཞིབ་ཐོན་སྐྱེད་མི་སྣ་དང་མཚོ་དམག་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
   ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། ད་རེས་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་ནང་ཞུགས་པའི་དམག་འཐབ་གཙོ་བོའི་དམག་གྲུ་རིགས་གསུམ་པོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་རྒྱང་སྐྱོད་ཨང་18པ་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་421པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཏ་ལན་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་105པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཧའེ་ནན་རྟགས་ཅན་གྱི་དམག་གྲུ་དང་གྲུ་ཨང་31པ་བཅས་ལ་མིང་བཏགས་ཡོད།
   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། མཚོ་དམག ཧའེ་ནན་ཞིང་ཆེན། དེ་བཞིན་དམག་གྲུ་ཚན་ཞིབ་ཐོན་སྐྱེད་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་རྩིས་སྤྲོད་རྩིས་ལེན་གྱི་དམག་གྲལ་མཛད་སྒོར་ཞུགས་པ་རེད། 


འདི་ནི་ཞི་ཅིན་ཕིང་གིས་ཏ་ལན་རྟགས་ཅན་གྱི་དམག་གྲུར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བཞིན་པ།

འདི་ནི་ཞི་ཅིན་ཕིང་གིས་ཧའེ་ནན་རྟགས་ཅན་གྱི་དམག་གྲུར་དམག་དར་དང་མིང་འདོགས་ལག་ཁྱེར་གནང་བཞིན་པ།

འདི་ནི་ཞི་ཅིན་ཕིང་གིས་དམག་གྲུ་ཚན་ཞིབ་ཐོན་སྐྱེད་མི་སྣ་དང་མཚོ་དམག་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1