གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

རྩོམ་པ་པོ། འཇམ་དར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༢༨ཉིན།

༄༅།།མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས​།

  མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་ཞེས་པའི་ཞིབ་འཇུག་ལས་གཞི་ཆེན་པོ་དེའི་ནང་ཚན་ཞིག་ཡིན། ཞིབ་འཇུག་ལས་གཞི་འདིའི་དམིགས་ཡུལ་དང་། ཞིབ་འཇུག་ཐབས་ལམ། བརྗོད་གཞི་སོགས་ནི་ཁོང་གིས་དེབ་འདིའི་སྔོན་འགྲོའི་གཏམ་དུ་བཀོད་པ་ཇི་བཞིན་ཏེ། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། མཐོ་སྒང་གི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་ཆུའི་རིག་གནས་ལ་ཞིབ་འཇུག་དང་འབྲེལ་དེར་དབྱེ་ཞིབ་དང་སྲུང་སྐྱོང་། རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང་། མཚོ་བོད་མཐོ་སྒང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་མཐོ་སྒང་གི་རི་ཆུར་དད་བཀུར་དང་སྲུང་སྐྱོང་བྱས་པ་ལས་བྱུང་བའི་འདུ་ཤེས་དང་གོམས་སྲོལ་སོགས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་ཀློག་མཁན་རྣམས་ངོ་སྤྲོད་ཞུ་རྒྱུ་དེ་ཡིན”ཞེས་དང་། “རིག་གནས་མིའི་རིགས་རིག་པ་དང་སྐྱེ་ཁམས་མིའི་རིགས་རིག་པའི་གཞུང་ལུགས་དང་ཐབས་ཤེས་སྤྱད་པ་དང་། མཐོ་སྒང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱབ་ལྗོངས་སུ་བྱས་ཤིང་མཚོ་བོད་མཐོ་སྒང་དུ་ཁྱབ་པའི་གནས་རི་དང་ལྷ་མཚོ་གཞི་རྩར་བཟུང་སྟེ། མཐོ་སྒང་གི་གནས་རི་དང་ལྷ་མཚོ་རྣམས་ཀྱི་ལྷ་སྒྲུང་གི་བྱུང་བ་དང་། གནས་རི་དང་ལྷ་མཚོར་དད་བཀུར་དང་མཆོད་པ་འབུལ་བའི་ཆོ་གའི་ལོ་རྒྱུས་དང་ཆོས་ལུགས་ཐད་ཀྱི་འཕོ་འགྱུར། རིག་གནས་མ་ལག སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་མ་ལག་བཅས་ལ་ཆ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་དང་། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་རྒྱུན་སྐྱོང་བའི་རིན་ཐང་ཆེན་པོ་དང་ཕུགས་ཀྱི་དོན་སྙིང་ཕྱོགས་ཡོངས་ནས་རྒྱས་བཤད་བྱེད་པ་ཞིག་ཡིན” ཞེས་དང་། “བོད་མི་རིགས་ཀྱིས་མཚོ་བོད་མཐོ་སྒང་སྲུང་སྐྱོང་བྱས་པའི་མཛད་རྗེས་དང་ད་ལྟའི་དོན་སྙིང་ལ་ཞིབ་འཇུག་དང་། བོད་མི་རིགས་ཀྱིས་བསམ་འདུན་དང་བྱེད་སྟངས་ཇི་ལྟ་བུར་བརྟེན་ནས་མཐོ་སྒང་གི་རི་ཆུ་དང་གཅིག་ལ་གཅིག་བརྟེན་དང་། འཆམ་མཐུན་མཉམ་གནས། དབྱེར་མེད་ལྷན་འདྲེས་བཅས་བྱུང་བའི་སྐྱེ་ཁམས་ཀྱི་འདུ་ཤེས་དང་ཚེ་སྲོག་གི་དོན་སྙིང་ལ་ཞིབ་འཇུག་བྱེད་པ་ཡིན” ཞེས་པ་ཇི་བཞིན་ནོ།།

           སྐབས་འདིའི་བརྗོད་བྱར་གྱུར་པའི《མགོ་ལོག་གླེགས་བམ》གྱི་ནང་དོན་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་དྲུག་གི་ཁོངས་སུ་ཡོད་པའི་རི་ལུང་ཐང་གསུམ། མཚོ་མོ་དང་ཆུ་བོ། ཆུ་མིག་དང་ལྟེང་ཀ གནའ་ཤུལ་གྲགས་ཅན།(ལོ་རྒྱུས་ཀྱི་གནའ་ཤུལ། ཆོས་ལུགས་ཀྱི་གནའ་ཤུལ། གླིང་གི་གནའ་ཤུལ། སྐྱེས་ཆེན་དམ་པའི་འཁྲུངས་ཡུལ། སོ་མཁར་སོགས) ཡུལ་ལྷ་གཞི་བདག གནས་འགངས་ཆེན(རྡོ་ཁའི་ཤུལ། གནས་རི། སྒྲུབ་ཕུག དུར་ཁྲོད་སོགས)སོགས་རྒྱས་བསྡུས་ཅི་རིགས་སུ་བཀོད་པའི་ཐོག དེ་དག་དང་འབྲེལ་བའི་ལྷ་སྒྲུང་། ངག་རྒྱུན། ལོ་རྒྱུས། གཞི་བདག་གི་གསོལ་ཁ། བསང་མཆོད། གནས་བཤད། གནས་བསྟོད། གནས་ཡིག རྟེན་འགངས་ཆེན་གྱི་དཀར་ཆག  ས་དཔྱད་བཅས་ཕྱོགས་སྣ་མང་པོ་འདུས་སོ།།
           འདིར་ཁོ་བོས་དེབ་འདིའི་ནང་གི་རི་ཆུའི་རིག་གནས་དང་འབྲེལ་བའི་ལྷ་སྒྲུང་དང་། ལོ་རྒྱུས་ངག་རྒྱུན། ས་བབ་ཆུ་བབ་ཀྱི་བརྗོད་པ་ངོ་མཚར་ཅན། བསང་གསོལ་མཆོད་བསྟོད་གཡང་འབོད། རི་ཆུའི་ལོ་རྒྱུས་དང་གནས་ཡིག་གནས་བསྟོད་སོགས་འདིའི་ཕྱོགས་ལ་སྤྲོ་བ་ཡོད་པའི་ཀློག་མཁན་ལ་ངོ་སྤྲོད་རགས་བསྡུས་ཙམ་ཞུ་བ་ལ།
    རི་ཆུ་དང་འབྲེལ་བའི་ས་བབ་ཆུ་བབ་ཀྱི་རྗོད་སྟངས་ངོ་མཚར་ཅན།
           ཏུན་ཧོང་གི་ཡིག་རྙིང་ལས། གནམ་གྱི་ནི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ། རི་མཐོ། ས་གཙང་། ཡུལ་བཟང་། ཞེས་བོད་ཡུལ་འདིར་སྤྱི་བསྡོམས་ངོ་མཚར་ཅན་བྱས་ཡོད་པ་ལས། མེས་པོ་སྔོན་མ་རྣམས་རང་ས་རང་ཡུལ་ལ་དགའ་ཞེན་ཆེ་ཞིང་བོད་བཙན་པོའི་དུས་ཀྱི་མིའི་གཟེངས་སུ་མཐོ་བའི་སྤོབས་པ་མཚོན་ཡོད། 《མགོ་ལོག་གླེགས་བམ》དུའང་མདོ་ཁམས་སྤྱི་དང་ཁྱད་པར་དུ་མགོ་ལོག་ས་ཆའི་རི་ཆུ་སོགས་ཀྱི་ཡུལ་བབ་དང་ཁྱད་ཆོས། འདྲ་འབྲེལ་སོགས་ལ་གཞིགས་ཏེ་སྤྱི་སྡོམ་རང་བཞིན་གྱི་རྗོད་སྟངས་ངོ་མཚར་ཅན་སྣ་ཚོགས་བཀོད་ཡོད། དཔེར་ན། ས་ཡི་མདུད་གསུམ་མམ་མདུད་བཞི་སྟེ། ཉག་རོང་སའི་མདུད་པ། རྒྱ་རོང་ཆུའི་མདུད་པ། མགོ་ལོག་རླུང་གི་མདུད་པ། རྨ་སྟོད་ཀྱི་རྩེ་བླ་བཅུ་གསུམ་སྟེ། མཛོ་མོའི་ནུ་རྩེ། གཡག་ར་སྟག་རྩེ། དཀར་ལའི་ལྷ་རྩེ། ཀླུ་ནག་མདུང་རྩེ། བུང་ཚང་གཡུ་རྩེ། མཚོ་བར་དཀར་རྩེ། གཡག་རྔ་ལ་རྩེ། བྲག་དཀར་ལྷ་རྩེ། ཧུ་ལ་སྟག་རྩེ། ཁོ་སྟོད་ཁ་བ་ལྕགས་རྩེ། དབྱིག་གི་རྡོ་ནག་མདུང་རྩེ། རྒྱ་མདའ་བྱི་རུ་སྟག་རྩེ། དམར་མདའ་བྱེ་མ་སྟག་རྩེ།  གཞན་ཡང་། རྨ་སྨད་ཀྱི་མཐོན་པོ་དགུ་བསྒྲིགས། རྨ་སྐེད་ཀྱི་མགྲོན་ལྷ་བཅུ་གཉིས། ཞེས་པ་སོགས་དང་། སྨར་མ་ངན་མ་ལ་བུ་དྲུག་གམ་བུ་དགུ་སོགས་སུ་འདྲེན་སྲོལ་ཡོད་པ་དང་། ཧང་ཁོག་སྤང་ཐང་དཀར་མོ་རྨ་ཡི་ཁོག །ཆུ་སྔོན་གཡས་འཁྱིལ་ཕྱུག་མོ་རྨ་ཡི་ཁོག །རྡི་ཁོག་ཤྭ་ར་ཆ་བརྒྱད་རྨ་ཡི་ཁོག །དགུ་ཁོག་འབྲི་མོའི་ཕ་ས་རྨ་ཡི་ཁོག །གཤི་ཁོག་ལུ་གུའི་རྩེད་ར་རྨ་ཡི་ཁོག །རྨེ་ཁོག་སྐར་མ་སྟོང་ལྡན་རྨ་ཡི་ཁོག །སྐ་ཁོག་གཡང་གི་ར་བ་རྨ་ཡི་ཁོག །གསའ་ཁོག་གསང་བ་དགུ་སྐོར་རྨ་ཡི་ཁོག །ཁོ་ཁོག་པདྨ་འདབ་བརྒྱད་རྨ་ཡི་ཁོག །འབྲུ་ཁོག་མར་ཁུའི་མཚོ་མོ་རྨ་ཡི་ཁོག །དུང་ཁོག་ཆོས་ལུང་དཀར་པོ་རྨ་ཡི་ཁོག །དབྱིག་ཁོག་སེང་གེ་བརྒྱ་འདུས་རྨ་ཡི་ཁོག །རྒྱུ་ཁོག་ཨ་ལོང་དགུ་སྐོར་རྨ་ཡི་ཁོག །དར་ཁོག་དུང་གི་རི་སུལ་རྨ་ཡི་ཁོག །གོས་ཁོག་གོང་མ་བཅོ་བརྒྱད་རྨ་ཡི་ཁོག །རེ་ཁོག་ལུ་གུའི་ནོར་གཞོང་རྨ་ཡི་ཁོག །དེའུ་ཁོག་མཚོ་མོ་ཨ་ལུང་རྨ་ཡི་ཁོག །རྐྱང་ཁོག་འདོ་བའི་རྩེད་ར་རྨ་ཡི་ཁོག །ཅེས་རྨ་སྔོན་མོའི་ཁོག་ཆེན་བཅོ་བརྒྱད་འདྲེན་ལུགས། ད་དུང་དཔེར་ན། དར་ལུང་ཉག་ཁ་མ་བརྩིས་པའི། །དར་ལ་ཉག་ཆེན་བཅོ་བརྒྱད་ཡོད། །དར་མདའ་ཙོ་ལེ་མ་བརྩིས་པའི། །དར་ལ་དེའུ་ཆེན་བཅོ་བརྒྱད་ཡོད། །ཅེས་དང་། གེས་ལ་ལུང་ཆེན་བཅོ་བརྒྱད་ཡོད། །གེས་ཉི་མ་ལུང་དང་བཅུ་དགུ་ཡོད། །ཅེས་པ་ལྟ་བུ་སོགས་སྤྱི་སྡོམ་རང་བཞིན་གྱི་རྗོད་བྱེད་ལ་བརྟེན་ནས། ཡུལ་མགོ་ལོག་གི་རི་དང་ལུང་པ་སོགས་ཀྱི་གྲངས་དང་། དཔེ། ས་བབ་དང་ས་དབྱིབས། སའི་ཁྱད་ཆོས། ནམ་ཟླ། ཐོན་ཁུངས་སོགས་གསོན་ཉམས་ལྡན་པའི་ཚིག་གིས་བསྟན་ཡོད་ཅིང་། དེ་དག་གི་ཚེག་བར་དོ་མཉམ་པ་དང་། སྒྲ་རྒྱན་གྱི་འགོད་སྟངས་དང་རྗེས་མཐུན་པར་བྲིས་པས་རྗོད་བདེ་ཞིང་བློ་ངོར་ངེས་སླ་བ་ཡོད། འདི་དག་ནི་བོད་རང་གི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཐུན་མོང་མ་ཡིན་པའི་ས་རྒྱུས་རིག་པའི་ཁྱད་ཆོས་ཤིག་གམ། རང་བྱུང་ཁམས་ལ་ངོས་འཛིན་སྟངས་ཤིག་ཀྱང་ཡིན་པར་སྙམ་པས། དམངས་ཁྲོད་ཀྱི་བཤད་རྒྱུན་འདི་དག་ཡལ་བར་མ་དོར་བར་དེབ་འདིའི་ནང་དུ་བསྡུ་གང་ཐུབ་གནང་བ་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་ཆེན་པོ་ཞིག་རེད་སྙམ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1