གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༠༧ཉིན།

ཐང་བོད་གནའ་ལམ་ནས་ཁྲོན་བོད་ལྕགས་ལམ་བར་གྱི་འགྱུར་ལྡོག


—— བོད་སྐྱོད“མཁའ་ལམ”གྱི་ལོ་ངོ་སྟོང་གི་འགྱུར་ལྡོག་ལ་ལྟ་བ།


      ཟླ་བ་བཞི་པའི་ཟླ་སྨད་དུ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཚ་ཚ་འུར་འུར་ངང་ཨར་སྐྲུན་བྱེད་བཞིན་ཡོད། ཉིང་ཁྲི་མེ་འཁོར་བབས་ཚུགས་སུ་བབས་ཚུགས་ཕྱི་ནང་གི་གྱང་ངོས་མཛེས་བཟོ་བྱེད་པ་དང་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒྲིག་ཆས་རྟེན་གཞིའི་སྒྱུར་བཅོས་བྱ་ཡུལ་དུ་བཟོ་པ་ཚོས་ལྕགས་ལམ་འབྲེལ་མཐུད་ལམ་ཐིག་ཐོག་གདན་ཤིང་འདིང་བཞིན་ཡོད།
     ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་ཞིག་ཡིན་པའི་ལྷ་ཉིང་ལྕགས་ལམ་འདི་ལོའི་ཟླ་བ་བཞི་པར་མེ་འཁོར་མ་བཏང་བར་རྩིས་ལེན་བྱེད་པའི་དུས་མཚམས་སུ་སླེབས་པ་དང་འདི་ལོའི་ཟླ་7ཚེས་1ཉིན་གོང་དུ་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་གྲོང་ཁྱེར་དེ་གཉིས་དབར་འགྲོ་འོང་བྱེད་པའི་དུས་ཚོད་ཆུ་ཚོད་5ནས་ཆུ་ཚོད་3.5བར་ཐུང་དུ་འགྲོ་རྒྱུ་རེད།

     2020ལོའི་ཟླ་11ཚེས་8ཉིན། ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཁྲི་ཉིའི་ལམ་དུམ)སྐྲུན་འགོ་ཚུགས་ཤིང་། མ་ལམ་གྱི་རིང་ཚད་སྤྱི་ལེ་1011ཟིན་པ་དང་། སྤྱི་ལེ་30ཡན་གྱི་ཕུག་ལམ་6དང་སྨི་100ཡན་གྱི་མཐོ་ཟམ་9གསར་སྐྲུན་བྱེད་དགོས་པ་དེའི་དཀའ་ཚེགས་ནི་འཛམ་གླིང་ལ་མཐོང་དཀོན་པ་ཞིག་ཡོད།


     ཁྲོན་བོད་ལྕགས་ལམ་བསྐྲུན་རྗེས་བོད་དུ་སླར་ཡང་ལམ་བུ་ཞིག་གསར་སྣོན་བྱེད་ཐུབ་རྒྱུ་རེད། 2006ལོའི་ཟླ་7ཚེས་1ཉིན་བསྐྲུན་ཟིན་པ་དང་འབྲེལ་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པའི་མཚོ་བོད་ལྕགས་ལམ་ལས་བོད་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། ལམ་ཐག་རིང་ཤོས། འཁྱགས་ས་སྒྲོལ་བའི་ལམ་ཐག་རིང་ཤོས་བཅས་ཀྱི་ས་མཐོའི་ལྕགས་ལམ་ཞིག་ཡིན་པས། འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་དེ། བོད་འདི་ཉིད་ནང་ས་དང་ཡུལ་དུས་ཀྱིས་ཆོད་པའི་བཀག་རྒྱ་དངོས་སུ་མེད་པ་བཟོ་ཐུབ་ནས་གངས་ལྗོངས་ས་མཐོར་ལྕགས་ལམ་ཤར་གཏོང་གི་དུས་རབས་ཤིག་འཆར་ཡོད།

     ལོ་70གོང་གི་བོད་རྙིང་པར་རླངས་འཁོར་འགྲོ་སའི་ལམ་ཡང་མེད་པར་དབོར་འདྲེན་ཚང་མ་མི་དང་ཕྱུགས་རིགས་ལ་བརྟེན་དགོས་པས་ལྕགས་ལམ་ནི་དེ་བས་ཀྱང་སྤྲོས་བྲལ་རེད། ད་ཆ་བོད་དུ་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། ཟོག་འདྲེན་རླངས་འཁོར་ཁྲོན་བོད་ལམ་དུ་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་བཞིན་ཡོད་ལ་རང་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཡང་རྫོགས་རྒྱུ་མེད། བོད་དུ་ཡོང་སའི“མཁའ་ལམ”ལས་བོད་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་ཡོད།


     གྲངས་གཞི་ལས་མངོན་གསལ། 2000ལོའི་ལོ་མཇུག་ཏུ་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་2.25ལས་ཟིན་གྱི་མེད་ཀྱང་2020ལོའི་ལོ་མཇུག་ཏུ་གྲངས་ཀ་དེ་སྤྱི་ལེ་ཁྲི་11.88བར་མང་དུ་སོང་ནས། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་བཅས་སུ་རླངས་འཁོར་ཤར་གཏོང་ཐུབ་ཚད་93.7%དང་75.9%ཟིན་ཡོད། ལྗོངས་ཡོངས་ཀྱི་རྫོང(ཆུས)དང་ཤང་དང་གྲོང་རྡལ་476དང་སྒྲིག་ཚུད་གྲོང་ཚོ་2050ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་བྱེད་ཚད་དེ་2000ལོའི་མི་ཐེངས་ཁྲི་53ནས་2020ལོའི་མི་ཐེངས་ཁྲི་515ལྷག་ཙམ་བར་མང་དུ་སོང་ཡོད།
     ལོ་ངོ་1300ལྷག་གི་གོང་། ཝུན་ཤིང་ཀོང་ཇོ་བཙན་པོ་སྲོང་བཙན་སྒམ་པོའི་བག་མར་ཕེབས་སྐབས། ཐང་རྒྱལ་རབས་ཀྱི་ཁྲང་ཨན(ད་ཆའི་ཤིས་ཨན)ནས་ཐང་བོད་གནའ་ལམ་བརྒྱུད་ལྷ་སར་འབྱོར་བས་དེས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་སྲིད་ལོ་འགོ་ཚུགས་རྗེས་ཀྱི་ལོ་ཉིས་བརྒྱ་ལྷག་ཙམ་རིང་། རྒྱ་བོད་མི་རིགས་དབར་ཕོ་ཉ་འགྲོ་འོང་ཐེངས་142ཙམ་བྱས་ཡོད།
     དུས་རབས་20པའི་ལོ་རབས་50པར། མའོ་ཀྲུའུ་ཞིས་བཅིངས་འགྲོལ་དམག་བོད་དུ་མ་བསྐྱོད་གོང“དཔུང་སྐྱོད་བྱེད་ཞོར་ལམ་བུ་བཟོ་དགོས་པའི”མཛུབ་སྟོན་གནང་ཡོད། བོད་དམག་ཁུལ་ཁང་གི་དེ་སྔའི་སི་ལིང་ཡོན་ཀྲང་གོ་ཧྭ་ཡིས“བོད་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་གཏོང་བར་སྔོན་ལ་གཞུང་ལམ་ཤར་གཏོང་བྱེད་དགོས”ཞེས་གསུངས་མྱོང་ཡོད།

     རྐང་ཐང་མར་བོད་དུ་དཔུང་སྐྱོད་དང་ཁམས་བོད་གཞུང་ལམ་སྐྲུན་མཁན་གྱི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་ཀའོ་ཕིང་གིས། 1951ལོར་སི་ཁྲོན་དཀར་མཛེས་ཀྲོའུ་ནས་ལྷ་ས་བར་རྐང་ཐང་མར་ཉིན་37འགོར་སོང་། བོད་དུ་ཡོང་སའི་ས་བབ་མཐོ་བ་དང་། ལམ་ཐག་རིང་བ། གནམ་གཤིས་སྐྱོ་བ། མི་ཉུང་བ་མ་ཟད། ད་དུང་མང་ཆེ་བ་རྐང་ལམ་ཕྲ་མོ་རེད། བོད་དུ་ཡོང་སའི་ལམ་གྱི་དཀའ་ཚེགས་ནི་མི་རྣམས་ཀྱི་བསམ་ཚོད་ལས་འདས་པ་ཞིག་ཡོད་ཅེས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད།


     ཁྲོན་བོད་གཞུང་ལམ་ལ་དང་ཐོག་ཁམས་བོད་གཞུང་ལམ་ཞེས་བརྗོད་ཀྱི་ཡོད། 1950ལོའི་ཟླ་4པ་ནས་བཟུང་དམག་དམངས་ཁྲི་11གིས་དཀའ་ཚེགས་ལ་མ་འཛེམས་པར་སྐྲུན་འགོ་བཙུགས། ཟིན་ཐོར་བཀོད་པ་ལྟར་ན། ཁྱོན་བསྡོམས་ཟམ་པ་597དང་ས་འོག་ཆུ་འགྲོ་2860བཟོས་པ་དང་མི་2000ལྷག་ཙམ་རང་སྲོག་ཤོར་ཡོད། དེར་དཀའ་ཉེན་ཤིན་ཏུ་ཆེ་བ་དང་རང་བྱུང་གནོད་འཚེ་མང་བས“འཛམ་གླིང་གཞུང་ལམ་གྱི་ས་གཤིས་གནོད་འཚེའི་རྟེན་རྫས་བཤམས་མཛོད་ཁང”ཞེས་འབོད་ཀྱི་ཡོད། 1950ལོར་བཅིངས་འགྲོལ་དམག་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་ལས་འགོ་བཙུགས་ཏེ། མཚོ་བོད་གཞུང་ལམ་སྐྲུན་པ་དང་ཕྱིས་སུ་འཛམ་གླིང་ཐོག་ནས་མཐོ་གྲང་འཁྱགས་སའི་ཁུལ་དུ་སྣུམ་ནག་བཏིང་བའི་གཞུང་ལམ་དང་པོ་དེར་གྱུར་ཡོད།
     1954ལོའི་ཟླ་12ཚེས་25ཉིན། ཁམས་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་བོད་དུ་འགྲོ་འོང་བྱེད་པའི་ལམ་ཆེན་གཉིས་ལ་གྱུར། ལོ་ངོ་60ལྷག་ཙམ་འདས་ཟིན་རུང་ལེགས་བཅོས་དང་བསྐྱར་སྐྲུན་ཐེངས་མང་བྱས་པ་བརྒྱུད་གཞུང་ལམ་དེ་གཉིས་སྔར་བཞིན་མི་འགྲུལ་དང་ཟོག་འགྲེམས་ཀྱི་མ་ལམ་རེད།

     གཞུང་ལམ་དང་ལྕགས་ལམ་འཛུགས་སྐྲུན་བྱས་པ་དེས་ཟོག་འདྲེན་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་གྱི་ས་བབ་མཐོ་ཚད་ལ་སྨི་2600ཟིན་པ་དང་། ཁྲོན་བོད་གཞུང་ལམ་རྒྱུད་དུ་ཡོད་པས་ཡུལ་དེའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་སྐྱེལ་འདྲེན་ལས་རིགས་དང་ཚོང་ལས་རེད། “སྔོན་མ་གྲོང་རྡལ་ནས་འགྲོ་འོང་བྱེད་སའི་སྤྱི་ལེ་50ཡི་ལམ་བུ་ཚང་མ་ས་རྡོའི་ལམ་ཡིན་པ་དང་ལྷ་ས་བར་གཟའ་འཁོར་གཅིག་འགོར་གྱི་ཡོད། 2010ལོར་སྣུམ་ནག་ལམ་བུ་བཏིང་རྗེས་སྐྱེལ་འདྲེན་བྱེད་མཁན་མང་དུ་ཕྱིན་ཏེ། གྲོང་ཚོ་ཡོངས་ཀྱི་དུད་ཚང་189ཡི་གྲོང་མིའི་ཁྲོད་ནས་ཕྱེད་ཀ་ཡན་གྱིས་འཛུགས་སྐྲུན་རྒྱུ་ཆ་དང་མཁོ་ཆས་ཙག་ཙིག་སྐྱེལ་འདྲེན་བྱེད་ཀྱི་ཡོད”ཅེས་ལོ་57ལ་སླེབས་པའི་གྲུ་ཁ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཐུབ་བསྟན་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་པ་དང་ད་ཆ་གྲོང་ཚོའི་དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་15ཡན་ཡོད་པ་རེད།


     ཆིན་ཅིན་ཡོན་གྱིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་བབས་ཚུགས་ནུབ་མར་ལས་ཀ་བྱས་ནས་ལོ་12སོང་ཡོད་པས། ལྕགས་ལམ་ཟོག་འདྲེན་གྱི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་ཡོད། “ལྕགས་ལམ་ཟོག་འདྲེན་ལས་འཁོར་རྒྱུག་མ་གནས་དམའ་རུ་ཕྱིན་པ་མ་ཟད། ཡུལ་དེའི་ཞིང་འབྲོག་པར་ཡང་འབབ་འཕར་ཕྱུག་འགྱུར་གྱི་ལས་ཀ་བརྟན་པོ་ཞིག་རག་ཡོད”ཅེས་བརྗོད།
     གྲངས་གཞི་ལས་མངོན་པར། 2006ལོ་ཚུན་དུ་ལྷ་ས་མེ་འཁོར་བབས་ཚུགས་ནུབ་མར་དེ་སྔའི་ཟོག་འགྲེམས་ཀུང་སི་4ནས་ད་ཆའི་18བར་མང་དུ་ཕྱིན་པ་དང་། སྐྱེལ་ཚད་ཏུན་ཁྲི་2དང་དེ་གར་འབྱོར་ཚད་ཏུན་ཁྲི་29ཟིན་པ་ནས་2020ལོར་སྐྱེལ་ཚད་ཏུན་ཁྲི་49དང་དེ་གར་འབྱོར་ཚད་ཏུན་ཁྲི་614བར་འཕར་ཏེ་ལོར་ཆ་སྙོམས་འཕར་ཚད་30.7%དང་24.6%ཟིན་ཡོད།
     2015ལོར་ལོ་41ལ་སླེབས་པའི་ངག་དབང་རྡོ་རྗེས་བོད་ལྗོངས་སྐྱིད་དར་ཟོག་འགྲེམས་ཚད་ཡོད་ཀུང་སི་བཙུགས་པ་དང་ལས་མི་20ཙམ་ཡོད། “ལོ་དེ་དག་ནང་བོད་དུ་ཟས་རིགས་དང་ཨར་སྐྲུན་རྒྱུ་ཆ་སོགས་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པས། ངས་དེར་མདུན་ལམ་ཡག་པོ་འདུག་སྙམ་བྱུང་། ད་ཆ་ཚོང་ལམ་འགྲོ་རྒྱུག་པོ་བྱུང་། འདི་གར་ཡོད་པའི་ལས་མི་ཚང་མ་ཞིང་འབྲོག་པ་ཡིན་པ་དང་ལོར་ཡོང་འབབ་སྒོར་ཁྲི་20ཡན་ཟིན་གྱི་ཡོད”ཅེས་ངག་དབང་རྡོ་རྗེས་བརྗོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1