གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༡ཉིན།

ལི་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་6ལ་རྟ་རྩལ་སློབ་ཚན་བཙུགས།


   ད་ལོའི་“ལྔ་གཅིག”གུང་གསེང་སྐབས་ལི་ཐང་རྫོང་དུ་དུས་ཡུན་ཉིན་3གྱི་ཟླ་ལྔ་པའི་རྟ་རྒྱུག་འགྲན་བསྡུར་བྱས་པ་རེད། ལི་ཐང་གི་ཡུལ་སྐོར་ཕོ་ཉ་བསྟན་འཛིན་གྱིས་ལུས་ལ་བོད་ཆས་གྱོན་ནས་རྟ་རྒྱུག་འགྲན་བསྡུར་གྱི་མཛད་སྒོར་ཞུགས་ཡོད། 
    བསྟན་འཛིན་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་པའི་དུས་མཚུངས་སུ་དྲ་ཐོག་ལ་བསྟན་འཛིན་གྱི་ཕ་ཡུལ་དུ་རྟ་རྩལ་སློབ་ཚན་བཙུགས་ཡོད་ཅེས་གྲགས་པ་རེད། 
    ཟླ་4ཚེས་26ཉིན་ནས་བཟུང་། ལི་ཐང་རྫོང་དུ་སློབ་གྲྭ་ཆུང་འབྲིང་ཁག་གཅིག་ཏུ་རྟ་རྩལ་སློབ་ཚན་བཙུགས་ཡོད། ལི་ཐང་ལ་གནའ་ནས་བཟུང་“རྟ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་ཡོད། ད་ཆ། ན་གཞོན་རྣམས་ལ་རྟ་རྩལ་སྦྱོང་བའི་ཆེད་དུ་རྫོང་དེའི་རྟ་རྩལ་སློབ་ཚན་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གཟུགས་གཞི་བྱང་ཚད་སློབ་གསོའི་ཁྱབ་ཁོངས་སུ་བསྡུས་ཡོད། མིག་སྔར་རྟ་རྩལ་སློབ་ཚན་ནི་རྫོང་ཡོངས་སུ་སློབ་གྲྭ་ཆུང་འབྲིང་6ལ་བཙུགས་ནས་ཚོད་ལྟ་བྱེད་བཞིན་ཡོད། 
   སློབ་ཚན་འདི་འཛུགས་དགོས་དོན་ཅི་ཡིན་པ་དང་། གང་ལྟར་ཁྲིད་དགོས་སམ། 
    རྟ་རྒྱུག་རིག་གནས་རྒྱུན་འཁྱོངས་བྱེད་དགོས། 
   ལི་ཐང་གཞོན་ནུ་ཚོས་རྟ་རྩལ་སྦྱང་ནས་དེང་རབས་ཡུལ་སྐོར་ལས་རིགས་ལ་ཞབས་ཞུ་བྱེད་ཆོག 
    སློབ་གྲྭའི་ནང་དུ་རྟ་རྩལ་སློབ་ཚན་འཛུགས་དགོས་དོན་ཅི་ཡིན། དེ་ནི་བསྟན་འཛིན་ལྟ་བུའི་དྲ་གྲགས་ཅན་མང་པོ་འདྲ་བཟོ་བྱ་དོན་ཡིན་ནམ། 

   “ལི་ཐང་ནི་རྟག་རྩལ་གྱི་ཕ་ས་རེད། རྟ་རྩལ་སློབ་ཚན་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། བྱང་ཚད་སློབ་གསོ་སྤེལ་བ། སྲོལ་རྒྱུན་གྱི་རྟ་རྩལ་ལ་སློབ་མས་དགའ་ཞེན་བྱེད་པ། སློབ་མའི་ལུས་རྩལ་སློབ་ཚན་ཕུན་སུམ་ཚོགས་པོར་གཏོང་བ་བཅས་ཀྱི་ཆེད་དུ་ཡིན”ཞེས་ལི་ཐང་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པས་དེ་ལྟར་བཤད། ལི་ཐང་ནི་“ལུས་རྩལ་+ཡུལ་སྐོར”གྱི་འཕེལ་རྒྱས་རྣམ་པར་བརྟེན་ཡོད། སྲོལ་རྒྱུན་རྟ་རྒྱུག་རིག་གནས་ཀྱི་ཕ་ས་ཡིན་པའི་ངོས་ནས། རྟ་རྩལ་ནི་ཧ་ཅང་གལ་ཆེ་ལ། དེ་ནི་གནའ་ནས་རྒྱུན་འཛིན་བྱས་པ་ཞིག་ཀྱང་རེད། 


    ལི་ཐང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་བཅར་འདྲི་དང་ལེན་བྱེད་དུས་བརྗོད་དོན། ལི་ཐང་དུ་རྟ་རྩལ་ཐད་ཆེད་ལས་ཅན་གྱི་རྒྱུན་འཛིན་ཐབས་ལམ་ཞིག་མེད་ལ། ཚད་ལྡན་གྱི་སློབ་གསོའི་རྣམ་པའང་ཆགས་མེད། གནའ་ནས་བཟུང་འབྲོག་པ་ཚོའི་ཐོན་སྐྱེད་འཚོ་བའི་གཞི་རྩའི་རྩལ་ནུས་ཤིག་རེད། འབྲོག་ཁུལ་དུ་ཕྱུགས་ལས་འཕེལ་རྒྱས་བྱུང་བར་བརྟེན་རྒྱུན་འཛིན་བྱས་པ་རེད། ད་ལྟ་གཞོན་ནུ་མང་པོ་ཞིག་སྟེ་ཁྱད་པར་དུ་གྲོང་ཁྱེར་གྱི་ན་གཞོན་ཚོས་ཕལ་ཆེར་རྟ་རྩལ་ཤེས་ཀྱི་མེད། དེའི་ཕྱིར། ཡུལ་སྐོར་དར་སྤེལ་དང་། ཕྱུགས་ལས་དེང་རབས་ཅན་དང་ཚན་རྩལ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད། དེང་རབས་རིག་གནས་ཡུལ་སྐོར་ལས་རིགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆེད་དུ། ལི་ཐང་གི་གཞོན་ནུ་ཚོར་རྟ་རྩལ་ཁྲིད་དགོས་པ་རེད། བསྟན་འཛིན་ལྟ་བུ་ནི་ལས་དབང་ཞིག་གིས་སྐད་གྲགས་ཅན་དུ་གྱུར་བ་ཡིན་པས་འདྲ་བཟོ་བྱེད་མི་ཐུབ་ཟེར། 
    ལི་ཐང་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པས་ངོ་སྤྲོད་བྱས་དོན། ཟླ་4ཚེས་26ཉིན་ནས་རྟ་རྩལ་སློབ་ཚན་དངོས་སུ་འགོ་ཚུགས་པ་ནས་བཟུང་། མིག་སྔར། ལི་ཐང་རྫོང་དུ་སློབ་མ་ཁག་9ལ་རྟ་རྩལ་སློབ་ཚན་ཁྲིད་པ་རེད། རྟ་རྩལ་སློབ་ཚན་ནི་རིམ་པ་3ལ་བགོས་ཡོད་དེ། 
ལོ་རིམ་1-3བར། སློབ་ཚན་འཚོགས་ཡུལ་ནི་སློབ་ཁང་ཡིན། སློབ་ཚན་གྱི་ནང་དོན་རྟ་རྩལ་གྱི་གཞུང་ལུགས་ཤེས་བྱ་ཡིན་ཞིང་། དེ་ལ་རྟའི་རིགས་འབྱེད་པ་དང་། ན་སོ་ལྟ་བ། རྟ་ཆས་ཡོ་བྱེད་བེད་སྤྱོད་བྱེད་སྟངས་སོགས་གཞི་རྩའི་རྒྱུན་ཤེས་དག་འདུས་ཡོད། 
   ལོ་རིམ་4-6བར། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ། སློབ་ཚན་འཚོགས་ཡུལ་ནི་རྟ་ར་ཡིན་ཞིང་། དུས་རྒྱུན་དུ་སློབ་མས་རྟ་ཁྲིད་ནས་འགྲོ་འོང་བྱེད་པའམ་ཡང་ན་རྟ་ཞོན་པ། རྩལ་ཁྲིད་དགེ་རྒན་གྱིས་སྲབ་མདའ་བཟུང་ནས་རྟ་རར་སྐོར་བ་བྱེད་པ་དང་། སློབ་མ་ཚོར་རྟ་ཞོན་པ་ལ་དལ་གྱིས་གོམས་པར་འཇུག་རྒྱུ་ཡིན།
   ལོ་རིམ་7-9བར། བདེ་འཇགས་ཁག་ཐེག་བྱེད་པར་བརྟེན། སློབ་མ་རང་ཉིད་ཀྱིས་རྟ་ཁ་ཐུབ་ཅིང་རྟ་རྒྱུག་ཐུབ་པར་འཇུག་དགོས། 
“རྟ་རྩལ་སློབ་ཚན་ནི་རྫོང་མཁར་གྱི་སློབ་ཆུང་4དང་སློབ་འབྲིང་2ནས་ཚོད་ལྟ་བྱེད་འགོ་བརྩམས་ཤིང་། རྗེས་སུ་རྫོང་ཁོངས་ཡོངས་སུ་སྤེལ་རྒྱུ་ཡིན། རྟ་རྩལ་གསོ་སྦྱོང་ལ་བརྟེན། སློབ་མའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྦྱངས་པ་གོ་ཆོད་པར་འཇུག་པའི་དུས་མཚུངས་སུ། ཕུལ་བྱུང་འཇོན་ཐང་ཅན་གསོ་སྐྱོང་དང་བདམས་གསེས་བྱུང་ནས་མ་འོངས་པར་ལི་ཐང་གི་ཚབ་བྱས་ཏེ་འགྲན་བསྡུར་ལ་ཞུགས་ཐུབ་པའི་རེ་བ་ཡོད།”ཅེས་ལི་ཐང་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པས་བཤད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1