སྤྱི་གཉེར་ཁང་གིས་ངག་ཐོག་ནས་ལས་བཟོ་པ་ཕྱིར་ཕུད་བཏང་ན་སྐྱིན་ཚབ་ཇི་ལྟར་གཞལ་དགོས་།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


ངས་ཟླ་ངོ་གཉིས་རིང་ལ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་དཔེ་ཆར་བལྟས་མཐར། གཞི་ནས་ང་ཚོའི་ས་གནས་སུ་ཅུང་མིང་གྲགས་ཆེ་བའི་སྤྱི་གཉེར་ཁང་དེར་རྒྱུགས་འཕྲོད་ཅིང་དེའི་ལས་བཟོ་པ་དངོས་མ་ཞིག་ཏུ་གྱུར་པའི་ལས་སྐལ་ལྡན་སོང་། ཡང་ཅིག་བཤད་ན་དེ་ནི་ངའི་ད་རག་བར་དུ་འབད་བརྩོན་བྱས་པའི་ཆེས་མཐར་ཐུག་གི་དམིགས་ཡུལ་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་མེད། སྤྱི་གཉེར་ཁང་དེའི་ཕྱི་དྲོའི་ལས་ཚོགས་ནི་དུས་ཚོད་གཅིག་ཏག་ཏག་སྟེང་ཡིན་ལ། ཉིན་ཞིག་དུས་ཚོད་གཅིག་དང་སྐར་མ་བཅུ་ཡི་བར་གླགས་དེར་ངའི་ཁོག་པ་གློ་བུར་དུ་ན་སྟེ་གསང་སྤྱོད་ཁང་དུ་འགྲོ་དགོས་བྱུང་། ཕྱིར་གཞུང་ལས་ཁང་དུ་ཐོན་དུས་དུས་ཚོད་གཅིག་དང་ཕྱེད་ཀར་ཐོན་ལ་ཉེ། ཡིན་ན་ཡང་སྤྱི་གཉེར་ཁང་གི་སྦྱིན་བདག་གིས་ང་ལ་གར་སོང་ཅི་ཡང་མི་འདྲི་བར་ཁྱོད་སྤྱི་གཉེར་ཁང་ནས་ཕྱིར་ཕུད་བཏང་བ་ཡིན་ཟེར། གང་ལྟར་ང་ལས་བགོས་བྱས་ཡོད་པའི་སྡེ་ཁག་དེའི་འགོ་པས་ང་གཞུང་ལས་ཁང་ནས་སྒོར་སོང་བའི་དོན་དག་གི་བརྒྱུད་རིམ་ཤེས་རྐྱེན། ཁྱོད་སྔོན་ལ་ཁྱིམ་དུ་སོང་དང་འབྲེལ་ཡོད་ཀྱི་དོན་དག་ངས་སྦྱིན་བདག་ལ་ཁ་བརྡ་བྱེད་ཟེར། ཕྱི་དྲོར་ཁྱིམ་དུ་ཐོན་རྗེས་ངས་སྡེ་ཁག་གི་འགོ་པར་ཁ་པར་བཏང་སྟེ། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ང་ལ་སྐྱིན་ཚབ་གཞལ་དགོས་ཞེས་བཤད་ཀྱང་ཁོ་དེར་ཡིད་འཐད་མ་བྱུང་། དེར་བརྟེན། ང་སྤྱི་གཉེར་ཁང་དེ་གའི་བྱེད་སྟངས་ལ་རེ་ཐག་གཏིང་ནས་ཆད་དེ་བྱ་བ་བསྒྲུབས་མ་འདོད་པར་འབྲེལ་ཐག་བཅད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གལ་ཏེ་སྤྱི་གཉེར་ཁང་དེས་ང་ལ་སྐྱིན་ཚབ་ཅི་ཡང་མི་འཇལ་བར་ཕྱིར་ལས་ཚོགས་སུ་ཡོང་དགོས་ཚུལ་བཤད་ན། ང་ཕྱིར་ལས་ཚོགས་སུ་མ་སོང་ན་ཁ་ཆད་དང་འགལ་ཡོད་དམ།

མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པ་ལས་གནས་ལས་ཕྱིར་ཕུད་གཏོང་བར་རིགས་འདི་འདྲ་ཡོད་དེ།

གཅིག་ནི་ནོར་འཛོལ་རང་བཞིན་གྱིས་ལས་གནས་ལས་ཕྱིར་ཕུད་གཏོང་བ་སྟེ། ངལ་རྩོལ་པར་བཅའ་ཁྲིམས་གཏན་འཁེལ་གྱི་ནོར་འཛོལ་རང་བཞིན་གྱི་གནས་ཚུལ་ཡོད་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཕྱོགས་གཅིག་གིས་ངལ་རྩོལ་གན་རྒྱ་ཞིག་ཆོག་པར་མ་ཟད། ངལ་རྩོལ་པར་དཔལ་འབྱོར་ཁ་གསབ་ཀྱང་སྟེར་མི་དགོས།

གཉིས་ནི་ནོར་འཛོལ་རང་བཞིན་མེད་པར་ལས་གནས་ལས་ཕྱིར་ཕུད་གཏོང་བ་སྟེ། ངལ་རྩོལ་པར་བཅའ་ཁྲིམས་གཏན་འཁེལ་གྱི་ནོར་འཛོལ་རང་བཞིན་མེད་ཀྱང་མུ་མཐུད་དུ་བྱ་བ་བསྒྲུབ་པར་མི་འོས་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཕྱོགས་གཅིག་གིས་ངལ་རྩོལ་གན་རྒྱ་ཞིག་ཆོག །

ཡིན་ན་ཡང་ངལ་རྩོལ་པར་དཔལ་འབྱོར་ཁ་གསབ་དངུལ་སྟེར་དགོས། གཞན་ཡང་བཅའ་ཁྲིམས་གཏན་འཁེལ་གྱི་ངལ་རྩོལ་གན་རྒྱ་མཚམས་འཇོག་དགོས་པའི་གནས་ཚུལ་མ་བྱུང་བའི་ཚུན་དུ། ལས་ཁུངས་ཀྱིས་གང་འདོད་དུ་ངལ་རྩོལ་པ་ལས་གནས་ལས་ཕྱིར་ཕུད་བཏང་ན། དེ་ནི་ཁྲིམས་འགལ་གྱིས་ངལ་རྩོལ་གན་རྒྱ་ཞིག་པའི་རིགས་སུ་གཏོགས་ཤིང་། ངལ་རྩོལ་པར་གན་རྒྱ་མུ་མཐུད་དུ་ལག་ཏུ་བསྟར་རྒྱུའི་དབང་ཆ་ཡོད་ལ། གན་རྒྱ་མུ་མཐུད་དུ་ལག་ཏུ་བསྟར་དགོས་པའི་རེ་བ་མ་བཏོན་པའི་གནས་ཚུལ་འོག་ལས་ཁུངས་ལ་སྐྱིན་ཚབ་དངུལ་གཞལ་དགོས་པའི་འདོད་ཚུལ་གདོན་ཆོག

ད་ལྟ་ཁྱོད་ཀྱི་སྦྱིན་བདག་གིས་གལ་ཏེ་ཁྲིམས་བཀོད་གནས་ཚུལ་མེད་པའི་གནས་ཚུལ་འོག་ཁྱོད་རང་ཕྱིར་ཕུད་བཏང་བ་ཡིན་ན། དེ་ཁ་ཆད་དང་འགལ་ཏེ་ངལ་རྩོལ་གན་རྒྱ་ཞིག་པར་གྲུབ་ཅིང་གལ་ཏེ་ཁྱོད་ཀྱིས་སྤྱི་གཉེར་ཁང་དང་འབྲེལ་ཐག་གཅད་རྒྱུར་སེམས་ཐག་བཅད་པ་ཡིན་ན། ཁྱོད་ལ་སྤྱི་གཉེར་ཁང་གིས་སྐྱིན་ཚབ་དངུལ་སྟེར་དགོས་པའི་འདོད་ཚུལ་འདོན་དབང་ཡོད། ཡིན་ན་ཡང་འདིར་གནད་དོན་ཞིག་ཡོད་པ་ནི། སྤྱི་གཉེར་ཁང་དེའི་སྦྱིན་བདག་གིས་ཁྱོད་རང་ཕྱིར་ཕུད་བཏང་བའི་སྐད་ཆ་ངག་ཐོག་རྐྱང་རྐྱང་ནས་བཤད་པ་ཡིན་ན། ལག་ལེན་དངོས་ཁྲོད་དུ་ཁྱོད་ལ་ཡིག་ཐོག་གི་རྒྱུ་ཆའམ་ཡང་ན་དཔང་རྟགས་བཏོན་ཏེ་སྤྱི་གཉེར་ཁང་གིས་ཁྱོད་རང་དོན་གྱིས་ལས་གནས་ལས་ཕྱིར་ཕུད་བཏང་བ་བདེན་དཔང་བྱེད་མ་ཐུབ་ན། རྗེས་ཕྱོགས་ཁྱོད་ཀྱིས་ངལ་རྩོལ་འདུམ་འགྲིག་བྱ་དགོས་པའི་རེ་ཞུ་ཞུས་ཏེ་འདོད་ཚུལ་བཏོན་དུས། སྤྱི་གཉེར་ཁང་གིས་ཁྱོད་རང་ལས་གནས་ལས་ཕྱིར་ཕུད་བཏང་བའི་དོན་དངོས་བདེན་དཔང་བྱ་དགོས་སྐབས། ངག་ཐོག་གི་སྐད་ཆ་ཙམ་མ་གཏོགས་གཞན་པའི་དཔང་རྟགས་བཏོན་ཏེ་སྤྱི་གཉེར་ཁང་གི་ཁ་ཆད་དང་འགལ་ནས་ངལ་རྩོལ་གན་རྒྱ་ཞིག་པ་བདེན་དཔང་བྱེད་མ་ཐུབ་ན། ཁྱོད་རང་གིས་བཏོན་པའི་འདོད་ཚུལ་མི་གྲུབ་པའི་བཅའ་ཁྲིམས་མཇུག་འབྲས་འབྱུང་སྲིད། ཁྱོད་རང་གཞན་ངོས་སྟེང་ནས་སྤྱི་གཉེར་ཁང་དང་ཁ་བྲལ་བའི་དོན་དངོས་ལ་མཚོན་ན། འདུམ་འགྲིག་ཁྲོད་སྤྱི་གཉེར་ཁང་གིས་གནས་ཚུལ་དེ་བཟུང་སྟེ་འདོད་ཚུལ་བཏོན་ནས། ཁྱོད་རང་འགུལ་གྱིས་ལས་གནས་དང་བྲལ་བའི་ཁྲིམས་མཐུན་གྱི་ཁ་གཡར་ས་ཞིག་ཏུ་འགྱུར་སྲིད། དེར་བརྟེན། འདི་འདྲའི་གནས་ཚུལ་འོག་ཏུ་ཁྱོད་ཀྱིས་དོན་དངོས་གནས་ཚུལ་དང་དཔང་རྟགས་རྒྱུ་ཆར་ཟུང་འབྲེལ་གྱིས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་གལ་ཆེའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1