སྤྱོད་ལམ་དང་ཁྲིམས་ལུགས་།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


མི་བུ་གང་ཞིག་གི་འགྲོ་འདུག་ཉལ་འཆག་དང་། ཁ་ལག་གཏམ་གསུམ་སོགས་སྤྱི་འདུས་ཀྱི་ཕུང་པོ་ཞིག་ལ་སྤྱོད་ལམ་ཞེས་བྱ་སྟེ། དེ་ནི་མི་བུ་གང་དེའི་བསམ་བློའི་དཔག་ཚད་དང་སེམས་ཁམས་སྙོམས་སྒྲིག་ཐུབ་མིན་ལ་ཐད་ཀར་དུ་འབྲེལ་འདུག །སྣང་བ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་བསྟུན་དགོས་ཞེས་གསུངས་པ་བཞིན་མི་སུ་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལས་འདའ་ཐབས་མེད་དེ། རྒྱུ་མཚན་ནི་མི་ནི་མ་གཞི་ནས་འཚོ་བའི་ངོས་སུ་འབྱར་བའི་གྲིབ་གཟུགས་ཤིག་ཡིན་པ་བཞིན་འཚོ་བའང་དེ་ལས་འཕྲོས་པའི་འོད་ཐིག་ཅིག་ག་ལ་མིན། གང་ལྟར་མིའི་སྤྱོད་ལམ་ནི་ནམ་མཁའ་བཞིན་ཡངས་ཤིང་རྒྱ་ཆེ་ལ། རྒྱ་མཚོ་ལྟར་གཏིང་ཞིང་དཔོག་དཀའ་བ་ཞིག་སྟེ། དེ་ལ་ར་རིའི་དྲི་མ་ཡོད་ལ་འབག་བཙོག་གི་ངོ་གདོང་དང་རུལ་སུངས་ཀྱི་མཁའ་དབུགས་སོགས་ཀྱང་ཏག་ཏག་ཡོད་ངེས།

དུས་རབས་རྟ་ཡི་བང་ལྟར་མགྱོགས་ལ་དཔལ་འབྱོར་མཚོ་མོའི་རླབས་ཀྱིས་འཕྱུར་བའི་དེ་རིང་། མི་སེམས་གདོན་གྱིས་བསླུས་འདུག་ཅེས་བཤད་དཀའ་ཡང་། མི་ལ་རྒྱུ་ནོར་དང་ངོ་སོ་ཡིས་ཁ་ལོ་བསྒྱུར་བཞིན་པ་མིག་མཐོང་ལག་ཟིན་རེད། མི་ཡི་ཐོག་མའི་སྤྱོད་ལམ་ནི་ཅི་ཡང་བྲིས་མེད་པའི་ཤོག་དཀར་སྡེབ་གཅིག་སྟེ། དེ་ལ་ཅི་ཞིག་འབྲི་བའམ་ཅི་ལྟར་འབྲི་རྒྱུ་ནི་རང་ཉིད་ཀྱི་སྤྱོད་ལམ་ལ་ཐད་ཀར་འབྲེལ་འདུག་སྙམ། ཤོག་དཀར་དེར་ཨ་མས་བྲིས་པའི་འགྲོ་འདུག་རི་མོ་ཞིག་གམ། དགེ་རྒན་གྱིས་དཔར་བའི་སྤྱོད་ལམ་གྱི་ཡིག་འབྲུ་འགའ་ཤས་རིམ་གྱིས་བབས་པས་མི་ཡི་རྩིས་ཐང་ལ་སྔར་མེད་ཀྱི་གཟི་འོད་ཅིག་འཕྲོ་སྲིད་ལ། བླ་མེད་ཀྱི་གཤོག་པ་ཞིག་ཐོགས་སྲིད་ཀྱང་། དེ་ལ་མ་འཇུས་པའམ་འཇུ་མ་ཕོད་པ། འཇུ་མ་མྱོང་བའི་མི་ཡི་རིགས་ཀྱིས་དེའི་ཁ་དོག་དང་སྣང་ཚུལ་གཞན་ཞིག་ལས་ཅི་ཡང་མཐོང་བཞིན་མེད་ལ། མཐོང་ཡང་མི་སྲིད་དེ། མཁྲིས་ནད་ཅན་གྱི་མིག་ལམ་ནས་དུང་དཀར་པོའི་ཁ་དོག་སེར་པོར་གྱུར་འགྲོ་བ་ཅིས་མི་བདེན། དེ་བས་སྤྱོད་ལམ་གྱི་ར་བ་ལས་བརྒལ་བའི་སྣང་ཚུལ་དག་འབྱུང་སྲིད་ལ་སྤྱོད་ལམ་དེ་ལས་མིའི་ཚུལ་མཐུན་གྱི་ཁེ་དབང་ལ་ཐལ་བ་གཏོར་ཞིང་། མིའི་ངོ་ཚ་དང་རྫུ་བག་ཀྱང་གཅེར་བུར་འཕུད་སྲིད། དེང་སྐབས་དཔལ་འབྱོར་གྱི་ངོ་སོ་ཁོ་ན་སྲུང་བའི་མི་བུ་ཚོ་ཆར་རྗེས་ཀྱི་ཤྭ་མོ་དང་ཞིང་ཤུལ་གྱི་སོག་མ་བཞིན་འབུས་ཡོང་དུས། བདེན་དོན་གྱི་རྒྱ་མ་བསྣམས་པའི་མི་བུ་སྐོར་ཞིག་ལ་སེམས་ཁྲལ་གྱི་རྨ་ཁ་ཟབ་ལ། གྱོང་གུད་ཀྱི་རི་བོ་འཕགས་ཡོང་། ང་ཡི་ཁེ་དབང་ལ་ཁྱེད་ཀྱིས་རྡོག་བརྫིས་གཏོང་ཞིང་། ཁྱེད་ཀྱི་རྩིས་ཐང་ལ་ང་ཡིས་ཐལ་བ་གཏོར་ན་ང་ཚོའི་འདྲ་མཉམ་གྱི་ཁེ་དབང་གང་ན་ཡོད། ང་ཚོའི་རྔུལ་ཆུ་ཡི་བདེན་པ་གང་དུ་འཁྱིལ། ང་ཚོའི་མི་བུ་ཡི་སྒལ་ཚིགས་གང་དུ་འཚོལ། བོད་མིའི་གཏམ་དཔེ་ལ་གཏམ་བདེན་པ་མི་བྲིན་རྫུན་པ་བྲིན་ཟེར་བ་ལས་མ་འདས། འདི་ཡང་སྤྱི་ཚོགས་ཞེས་པའི་སྒྲོམ་གཞི་འདི་ལས་འདའ་ཐབས་མེད་པའི་གནད་དོན་ཞིག་སྟེ། གནད་དོན་འདི་སེལ་བ་ལ་ནད་བརྒྱ་སྨན་གཅིག་གམ་དཀར་པོ་ཆིག་ཐུབ་ཅིག་ངེས་པར་མཁོ་འདུག་ལ། དེ་ནི་ཁྲིམས་ལུགས་ཞེས་པའི་ཐབས་ལམ་འདི་ཁོ་ན་རེད་སྙམ། མི་ཁྲིམས་འོག་ནས་སྐྱིད་པ་དང་རྟ་སྒ་འོག་ནས་སྐྱིད་ཅེས་པའི་དཔེ་ལྟར་ཁྲིམས་ལུགས་མེད་པའི་མི་ནི་རྫི་བོ་མེད་པའི་ལུག་ཁྱུ་དང་འདྲ་ཞིང་། མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་དང་ཀུན་ནས་མཚུངས་འདུག་ཨང་། དེ་བས་མི་སེམས་ཁྲིམས་ལུགས་ཀྱིས་གཅུན་ཏེ་མི་ཡི་ར་བ་ལས་འདའ་བར་མི་འཇུག་པའམ་མི་ཡི་སྤྱོད་ལམ་ལ་བདག་པོ་རེ་རྒྱག་རྒྱུ་ནི་སྤྱོད་ལམ་གྱི་མཐར་ཐུག་གི་དམིགས་ཡུལ་དུ་ངེས་སོ། །

ཁྲིམས་ལུགས་ནི་མི་ཡི་འགྲོ་འདུག་སྤྱོད་གསུམ་དང་ཁ་ལག་གཏམ་གསུམ་ལ་ཚོད་འཛིན་བྱེད་ཀྱི་ལག་ཆའམ་ཚད་གཞི་གལ་ཆེན་ཞིག་ཡིན་ཏེ། འདིས་མིའི་ཚད་བརྒལ་གྱི་སྤྱོད་ལམ་ལ་གོ་བསྐོན་བློ་འགུག་གི་སློབ་གསོ་རེ་གཏོང་སྲིད་ལ། མིའི་འཚོ་ཚིས་དང་བདེན་པར་སྔར་མེད་ཀྱི་བཀྲག་མདངས་རེ་སྣོན་སྲིད་པ་ཡིན། གནའ་མིའི་ཁ་དཔེར་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་ཞེས་པ་ལྟར་ཁྲིམས་ལུགས་ཅན་གྱི་རྒྱལ་ཁབ་དང་མི་རིགས་ནི་འཚོ་བ་ལ་འཆར་གཞི་བཀྲ་ཞིང་མི་ཚེ་སྣུམ་བག་ལྡན་པའི་སྤྱི་ཚོགས་ཤིག་ཏུ་གྲུབ་ཡོད་ངེས།

ནམ་རྒྱུན་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་དང་སྣུམ་བག་གི་འཚོ་བ་ཞིག་ལ་སུས་ཀྱང་དོ་སྣང་དང་འཚོལ་སྙེག་བྱེད་བཞིན་ཡོད་ཀྱང་དོན་གྱི་བླ་སྲོག་ཅིག་སུས་ཀྱང་རྙེད་བཞིན་མི་འདུག་ཨང་། མི་ནི་མི་ཡི་སྒྲོམ་གཞི་ལས་འདའ་མི་རུང་སྟེ། རྒྱུ་ནོར་དང་དབང་ཐང་གི་མདུན་ནས་མི་ནི་ཤོག་སྐྱ་བཞིན་ཡང་ཞིང་ཆུ་སྣ་ལྟར་བཞུར་འགྲོ་བ་ཡིན་ན་མི་ལ་ཡ་མཚན་དང་ངོ་མཚར་གྱི་གཏམ་རྒྱུད་ཅིག་ག་ལ་ཡོད། ཁེ་ཕན་དང་སྙན་གྲགས་ཀྱི་མདུན་ནས་མི་ནི་ཚུལ་འཆོས་ཀྱིས་འགྱུར་ཞིང་སྨྱོ་ཧལ་གྱིས་རལ་འགྲོ་ན་མི་ལ་མཐོ་རིམ་གྱི་མཚན་སྙན་ག་ནས་འབྱོར། གང་ལྟར་མི་ལ་མི་ཡི་ལམ་བུ་ཞིག་བཏོད་རྒྱུ་དང་མི་ལ་མི་ཡི་ར་བ་ཞིག་བཟོ་རྒྱུ་ནི་ཁྲིམས་ལུགས་ཀྱི་མཐར་ཐུག་གི་བདེན་པའམ་སྙིང་པོར་གཏོགས།

སྤྱོད་ལམ་ནི་རྒོད་དུ་ཤོར་བའི་རྟ་མཆོག་དེ་ཡིན་ན་ཁྲིམས་ལུགས་ནི་དེ་འདུལ་བྱེད་ཀྱི་སྲབ་སྒྲོག་གྲིམས་པོ་ཞིག་ཡིན་ངེས། དེ་བས་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ནི་ལུས་དང་གྲིབ་མ་ཡིན། ཁ་དང་འགྲམ་པ་ཡིན། རྒྱུ་དང་འབྲས་བུ་ཡིན། སྒོ་ཕྱུགས་ལ་རྫི་བོ་དགོས་པ་བཞིན་མི་ལའང་ཁྲིམས་ལུགས་མེད་མི་རུང་སྟེ། དེང་སྐབས་མི་ཡི་གདོང་འབག་ཇེ་མཐུག་དང་ཁྲེལ་གཞུང་དང་རྩིས་ཐང་སོགས་རེ་རེ་ནས་མེད་པར་འགྲོ་བཞིན་པའི་སྒང་འདི་ལ། མི་ཡི་བསམ་བློ་ལ་ཁ་ལོ་བསྒྱུར་བའི་ཁྲིམས་ལུགས་ཤིག་ངེས་པར་དགོས་ཏེ། དེ་ནི་མི་འཕེལ་རྒྱས་འགྲོ་བའམ་ལེགས་ལམ་ལ་ཞུགས་པའི་ཐོག་མའི་ཇུས་འགོད་དང་སྟ་གོན་ཞིག་ཀྱང་ཡིན་ངེས། སྤྱི་ཚོགས་འདམ་གྱི་འཚོ་བ་ཁྲིམས་ཀྱིས་བཀྲུ་དགོས་ལ་མི་གཤིས་རུལ་དྲིའི་རླངས་པ་ཁྲིམས་ཀྱིས་སྐེམ་དགོས། ཁྲིམས་ཀྱི་རྒྱ་མར་འགྲོ་མིའི་ཐོབ་ཐང་དང་ཁེ་དབང་འདྲ་མཉམ་ཡིན། ཁྲིམས་ཀྱི་གཤིན་སར་འགྲོ་མིའི་སྤྱོད་ལམ་དང་རྩིས་ཐང་འདྲ་མཉམ་ཡིན། སྐབས་སྐབས་སུ་དུས་ཀྱི་མཆེ་བར་ནས་འབུས་པའི་རུལ་སུངས་ཀྱི་མེ་ཏོག་ཁ་ཤས་ཁྲིམས་ལུགས་ཀྱི་རལ་གྲིས་གཞོག་དགོས། སྐབས་སྐབས་སུ་འགྲོ་མིའི་སེམས་རྒྱུད་ནས་འཕྱུར་བའི་སྨྱོ་ཧམ་གྱི་བྱ་སྤྱོད་འགའ་ཤས་ཁྲིམས་ལུགས་ཀྱི་ལྷ་ཆུས་བཀྲུ་དགོས། ཁྲིམས་ལུགས་ཤིག་ཡོད་པས་ང་ཚོའི་ཁེ་དབང་ལ་སྲུང་སྐྱོང་ཐོབ་ཅིང་། ང་ཚོའི་སྤྱོད་ལམ་ལ་ལམ་བུ་ཡོད། དེས་ན་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ནི་ནམ་ཡང་འགྲོགས་ཏེ་ཡོད་དགོས་པའི་དོན་བྱ་གཉིས་ལས་མ་འདས་པས། སྤྱོད་ལམ་ཁྲིམས་ལུགས་ཀྱིས་སྤྱོང་དགོས། མདོར་ན་ཁྲིམས་ལུགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཕོར་བ་བཀྲུ་བའི་གཙང་པོ་དང་། ང་ཚོའི་འཚོ་བ་ལ་ཞབས་འདེབས་ཞུ་བའི་མཆོག་གྱུར་གྱི་ལག་ཆ་བཟང་ཤོས་ཏེ། ང་ཚོ་འཆམ་མཐུན་གྱི་ལམ་ལ་བསྐྱོད་པའི་གསེར་གྱི་ཟམ་པ་ཞིག་ཡིན་དགོས། འདི་ནི་ང་ཚོའི་མཐར་ཐུག་གི་རེ་བའི་རྨི་ལམ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1