བོད་ཀྱི་སྐད་ཡིག་ལས་མངོན་པའི་སྒྲ་མཐུན་སྦྱོར་གྱི་ སྣང་ཚུལ་སྐོར་ལ་དཔྱད་པ།

སུམ་བྷ་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


[གནད་བཏུས] བོད་ཀྱི་ཁ་སྐད་དང་ཡིག་སྐད་དག་གི་ཚོགས་གསུམ་སྟེ་ཡི་གེའམ་སྒྲ་གདངས་དང་། མིང་། ཚིག་བཅས་གང་རུང་ཁྲོད་དུ་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་འདྲེན་ཚུལ་བཅས་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་ཆེས་རྒྱུགས་ཆེ་ཞིང་ངེས་སྲོལ་ཆེས་ཆེར་ལྡན་པ་རྣམས་སྐད་བརྡ་སྤྱིའི་འཕྲེད་ངོས་ཀྱི་ཁྱད་ཆོས་དང་གཞུང་ངོས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཏུ་ངེས་ཚབས་ཆེ་ཕྱིར། སྐད་བརྡའི་གཞུང་ལུགས་ཀྱི་དཔྱད་བྱ་གལ་ཆེན་ཞིག་ཏུ་ངེས་པར་མ་ཟད། བོད་སྐད་ཡིག་རང་སྟེང་དུ་སྤེལ་རུང་བའི་སྡེབ་སྦྱོར་གྱི་གཞུང་རྐང་གལ་ཆེན་ཞིག་ཏུའང་ངེས་ཙ་ན་ཀུན་ནས་གཙིགས་སུ་འཛིན་དགོས་སེམས་སོ། །

[གནད་ཚིག] སྐད་ཡིག ཚོགས་གསུམ། སྒྲ་མཐུན་སྦྱོར།

(2021ལོའི་དེབ་གཉིས་པར་མཐུད་པ)

(༦)རྗེས་འཇུག་ཕོ་ཡིག་གིས་མ་ནིང་འདྲེན་ཚུལ་ནི་དཔེར་ན།

ག(ས)→ ཁ། ཉག་ཁྱད། སྦྲག་ཁང་། →ཆ། བག་ཆ། ཉག་ཆུ། →ཐ། བག་ཐུག ཉག་ཐག →ཕ། བག་ཕྱེ། ཉག་ཕྲན། →ཚ། མགྱོགས་ཚ། སྦྱག་ཚེ།

ད→ ཁ། གོད་ཁ། བྱེད་ཁུལ། →ཆ། སྦུད་མཆུ། སྟོད་ཆ། →ཐ། ཆད་ཐོ། བོད་ཐུག →ཕ། བོད་ཕག སྐད་འཕང་། →ཚ། བོད་ཚེས། བརྗོད་ཚུལ།

བ(ས)→ ཁ། སྦུབས་ཁོང་། ཐབ་ཁ། →ཆ། སྦུབ་ཆལ། ཐོབ་ཆ། →ཐ། སྦུབས་ཐོ། སྐབས་ཐོབ། →ཕ། རྐུབ་འཕོང་། ཐབ་ཕྱིས། →ཚ། སྲིབ་ཚལ། གབ་ཚེ།

ས→ ཁ། འཁོས་ཁ། རས་ཁུག →ཆ། དགོས་ཆ། རས་ཆེན། →ཐ། སྐས་ཐེམ། གོས་ཐང་། →ཕ། ལུས་ཕུང་།རས་ཕད། →ཚ། སྦས་ཚང་། དགྱེས་ཚོར་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ག་ད་བ་ས་བཞི་གས་ཕྱི་མའི་མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་སོ་སོར་བརྗོད་བདེ་རུ་དྲངས་པ་ཡིན་ནོ། །

གཞན་ཡང་ངག་རྒྱུན་ཁ་སྐད་ཀྱི་བརྗོད་བདེ་འདྲེན་ཚུལ་ལྟར་ན། ནང་གསེས་སུ་མཐུན་མིན་དུ་འགྱུར་ཚུལ་དང་། སྒྲ་རྩོལ་ཞན་འགྱུར། སྒྲ་ཟུར་ཉམས་པ། སྒྲ་འཕར་མ། སྒྲ་གནས་སྤོར་བའི་ཆ་ནས་མིང་སྦྱོར་གྱི་གཞི་གདངས་བརྗོད་བདེ་རུ་འདྲེན་པ་ཞིག་ཀྱང་སྣང་སྟེ།


1 མཐུན་མིན་དུ་འགྱུར་ཚུལ་ནི་སྔར་ཕན་ཚུན་མཚུངས་པའམ་ཉེ་བའི་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་ཕྱི་རྣམས་ངག་རྒྱུན་བསྟུད་མར་འཕྲལ་མྱུར་དུ་འབྱིན་དུས་ངག་ཟོར་བདེ་ཞིང་བསྐྱར་ལྡབ་མི་བྱེད་པའི་ཆེད་དུ་ཕན་ཚུན་མི་མཐུན་པའམ་མི་ཉེ་བར་འགྱུར་བ་ཞིག་ཡིན་ཏེ། དཔེར་ན་ཨམ་སྐད་དུ། སྔོ་སྔོ་ལ་སྔོ་ངོ་དང་། སེར་སེར་ལ་སད་སེར། ལྷོད་ལྷོད་ལ་ལྷོད་ལོད། ཆེ་ཆེ་ལ་ཆེ་ཅེ།དམར་དམར་ལ་དམའ་དམར། དཀར་དཀར་ལ་ཀ་དཀར་ལྟ་བུ་དང་། ཡང་ན་དབུས་གཙང་སྐད་དུ།སྒོར་སྒོར[ko13ko13]→[ko13ko55]ཞིཞིབ[ɕip132ɕip132]→[ɕip13ɕip53]ཟིངཟིང[siŋ13siŋ13]→[siŋ13siŋ55]ལྟ་བུ་དང་། ཡང་ན་ཁམས་སྐད་དུ།ནག་ནག[nɑʔ231nɑʔ231]→[nɑ13nɑʔ53]ལོག་ལོག[loʔ231loʔ231]→[lo13loʔ53]ལེབ་ལེབ[leʔ231leʔ321]→[le13leʔ53]ལྟ་བུ་ལས་སྔར་གཞི་གདངས་འདྲ་བ་རྣམས་ཕྱི་མའི་དུས་སུ་མི་འདྲ་བར་བསྒྱུར་ནས་ངག་ཟོར་དུ་བདེ་བར་འདྲེན་པ་བཞིན་ནོ།  


2སྒྲ་རྩོལ་ཞན་འགྱུར་ནི་སྔར་མིང་སྦྱོར་ཚེག་ཁྱིམ་གྱི་སྒྲ་ཤུགས་དྲག་པ་རྣམས་ངག་རྒྱུན་ཁྲོད་དུ་བསྟུད་མར་འབྱིན་དུས་བརྗོད་བདེ་ལྟར་སྒྲ་ཤུགས་ཞན་པར་འགྱུར་བ་ཞིག་ཡིན་ཏེ། འདི་ལ་བྱེ་བྲག་ཏུ་འགག་སྒྲ་གཙུབ་སྒྲ་རུ་འགྱུར་བ་དང་། སྲོག་ཆེན་སྲོག་ཆུང་དུ་འགྱུར་བ། སྒྲ་མེད་སྒྲ་ལྡན་དུ་འགྱུར་བ། ལྕེ་ངོས་སྔ་གཞུག་གི་དབྱངས་ལྕེ་དབུས་སུ་འགྱུར་བ་བཅས་སྣང་སྟེ། དཔེར་ན་ཨམ་སྐད་དུ། མུ་གེ[mu ke]→[mə ɣe]ཟ་ཁང[sa khaŋ]→[sa ɣəŋ]ཆོས་པ[ʨhe pa]→[ʨhe βa] ལྟ་བུ་འགག་སྒྲ་གཙུབ་སྒྲར་འགྱུར་བ་དང་། དབུས་གཙང་སྐད་དུ། སྐད་ཆ[kɛ55ʨha53]→[kɛ55ʨa53]པང་ཁེབས[paŋ55khep53]→[paŋ55kep53] དང་།ཡང་ན་ཨམ་སྐད་དུ། ཨ་ཁུ[a khə][a kə]→ ཁུར་ཐག[khər thak]→ [khər tak]ཁྱིམ་ཚང[ʨhəm ʦhaŋ]→ [ʨhəm ʦaŋ]ལྟ་བུ་སྲོག་ཆེན་སྲོག་ཆུང་དུ་འགྱུར་བ། སྡེ་དགེའི་སྐད་དུ། ཆུ་དོང[ʨhu13tõ13]→ [ʨhu55dõ55 ]རས་གོས[rɛ13kø13] →[rɛ13ɣø55] ཟོག་གོང [soʔ231kõ13]→ [so13ɣõ55] སྲུབ་ཇ[su53ʨɑ231]→ [su55ʥɑ53]ལྕགས་ཟམ[ʨɑʔ5sɑ13]→[ʨɑ55zɑ55]⑤ལྟ་བུ་སྒྲ་མེད་སྒྲ་ལྡན་དུ་འགྱུར་བ། ཨམ་སྐད་དུ། ཨི[~i]/ཨུ[~u]→[~ə]ལྟ་བུ་དབྱངས་ཞན་པར་འགྱུར་བ་སོགས་བརྗོད་བདེའི་དབང་དུ་བྱས་པ་ཡིན་ནོ། །


3 སྒྲ་ཟུར་ཉམས་པ་ནི་སྔར་སྒྲ་རྫས་མང་ཙམ་འདུས་པའི་མིང་སྦྱོར་གྱི་ཚེག་ཁྱིམ་རེ་འགའ་ངག་རྒྱུན་ཁྲོད་དུ་འཕྲལ་མྱུར་དུ་བཀླགས་ཤིང་བརྗོད་བདེའི་དབང་གིས་སྒྲ་ཟུར་ཉམས་པར་གྱུར་པ་ཞིག་སྟེ། དཔེར་ན་དབུས་སྐད་དུ། སྤྲ་དང་སྤྲེའུ་ལ་སྤ་དང་སྤེའུ་དང་། སྤྲང་པོ་ལ་སྤང་བོ། དཔྲལ་སྒོ་ལ་དཔལ་སྒོ། སྤྱིན་ལ་སྤིན། བྲག་རི་ལ་བག་རི། འབྲས་སྤུངས་ལ་འབས་སྤུངས། འབྲོག་པ་ལ་འབོག་པ་ལྟ་བུ་དང་། ཨམ་སྐད་དུ། སྤྲིན་ལ་སྲིན་དང་།སྦྲ་ལ་སྦ། སྤོར་ལ་སོར། བྱ་ཕྲུག་ལ་བྱ་རུག་ལྟ་བུ་དང་། དེ་བཞིན་དུ་ཡུལ་སྐད་གང་རུང་དུ་མགོ་འདོགས་འཕུལ་བརྟེན་སོགས་ཀྱི་སྒྲ་ཟུར་ཉམས་པར་སྤེལ་ནས་མིང་སྦྱོར་གྱི་གཞི་གདངས་སླ་བདེ་རུ་གྱུར་འདུག་པ་རྣམས་ཀྱང་སྡེ་ཚན་འདི་ལས་མ་འདས་སོ། །

4 སྒྲ་འཕར་མ་ནི་མིང་སྦྱོར་གྱི་ཚེག་ཁྱིམ་གང་རུང་དུ་སྔར་མེད་ཀྱི་སྒྲ་རྫས་རེ་འགའ་བརྗོད་བདེ་གོམས་སྲོལ་གྱི་དབང་གིས་ཇེ་མང་དུ་འཕེལ་བ་ཞིག་ཡིན་ཏེ། དཔེར་ན་ཨ་མདོའི་འབྲོག་སྐད་དུ། སྤུ་སྨྱུག་ལ་སྤུར་སྨྱུག་དང་། ལས་ཀ་ལ་ལས་དཀའ། ལག་པ་ལ་ལག་དཔའ། ནངས་ཀ་ལ་ནངས་དཀའ་ལྟ་བུ་ལགས་ལ། འགའ་ཞིག་སྒྲ་རྒྱུན་བསྟུད་མར་འབྱིན་པའི་སྐབས་སུ་སྔ་ཕྱིས་ཕན་ཚུན་ལ་ཤན་ཞུགས་ནས་བརྗོད་བདེ་ལྟར་མིང་སྦྱོར་གྱི་སྒྲ་རྫས་ཇེ་མང་དུ་གྱུར་པ་ཡིན་ནོ། །

5 སྒྲ་གནས་སྤོར་བ་ནི་སྐབས་འགར་མིང་སྦྱོར་ཚེག་ཁྱིམ་གྱི་གཞི་གདངས་གང་རུང་ངག་གི་ཁྱེར་ལོབ་དང་གོམས་སྲོལ་གྱི་དབང་གིས་སྒྲ་རྫས་རེ་འགའི་སྔ་ཕྱིའི་འཇུག་གནས་བརྗེ་སྤོར་བྱས་ནས་བརྗོད་བདེ་རུ་དྲངས་པ་ཡིན་ཏེ། དཔེར་ན་ཨམ་སྐད་དུ། རྒྱ་མཚོ→རྒྱམ་ཚོ། རྒྱུ་མཚན→རྒྱུམ་ཚན་ལྟ་བུ་དང་། ཡང་ན་རྒྱལ་མཚན→རྒྱམ་ཚན། མཁའ་མཚོ→མཁམ་མཚོ་ལྟ་བུ་དང་།ཡང་ན་སྤུན[spən]→[ɸsən]སྤོར[spor]→[ɸsor]སྤུང[spuŋ]→[ɸsuŋ]ལྟ་བུ་ལས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་ཕྱི་གཉིས་དང་ཡང་ན་ཚེག་ཁྱིམ་གཅིག་གི་ནང་ཁུལ་གྱི་སྒྲ་རྫས་སྔ་ཕྱིའི་འཇུག་གནས་བརྗེ་སྤོར་བྱས་ནས་བརྗོད་བདེ་རུ་སྤེལ་བ་བཞིན་ནོ། །

གསུམ། ཚིག་གི་སྦྱོར་ལུགས་ཀྱི་སྒྲ་མཐུན་པར་སྤེལ་ཚུལ།

དེ་ཡང་རང་རེའི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཚིག་གི་མཚན་ཉིད་ལ་མིང་གཉིས་སམ་དུ་མ་ལྷན་གཅིག་ཏུ་སྦྱར་ནས་དོན་གྱི་ཁྱད་པར་སྟོན་པ་འཇོག་ཅིང་། མིང་དུ་མ་འདུས་པ་ལས་ཚིག་གྲུབ་པར་བསྟན་པ་བཞིན་དུ། ཚིག་གི་སྦྱོར་ལུགས་ཀྱི་སྒྲ་མཐུན་པར་སྤེལ་ཚུལ་ཡང་མིང་སྦྱོར་གྱི་སྒྲ་མཐུན་པར་སྤེལ་ཚུལ་དང་འབྲལ་ཐབས་མེད་པར་སྣང་ན་ཡང་། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་། ། མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །གནས་དང་བོད་པའི་སྒྲ་ཡང་དྲང་། ། གཞན་ཡང་སླར་བསྡུ་ལྷག་བཅས་དང་། ། འབྱེད་སྡུད་བསྣན་དང་བདག་པོ་དང་། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། ། ཞེས་བསྟན་ཅིང་།ཚིག་གི་སྦྱོར་ལུགས་དངོས་ཀྱང་མིང་གཉིས་སམ་དུ་མ་ལྷན་གཅིག་ཏུ་སྦྱོར་བའི་ཐབས་ཏེ་གཙོ་བོ་རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་སྒྲ་མཐུན་པར་སྦྱོར་བའི་ཚུལ་སྒྲའི་སྔ་ཤུགས་འདྲེན་ཚུལ་གྱི་རྟགས་མཚུངས་དང་བརྗོད་བདེ་སོགས་སུ་ངེས་པས་ན། འདིར་ཚིག་སྦྱོར་གྱི་སྒྲ་གདངས་མཐུན་པར་འགྱུར་ཚུལ་བརྗོད་སྐབས་ཀྱང་གཙོ་བོ་ཕྲད་ཀྱི་སྦྱོར་ལུགས་དང་ཞར་ལ་མིང་གི་སྡེབ་སྟངས་སོགས་གནད་དུ་བཟུང་ནས་བརྗོད་པར་བྱ་བ་ཡིན་ལ། བྱེ་བྲག་ཏུ་སྒྲ་མཐུན་པར་སྦྱོར་ཚུལ་མི་འདྲ་བའི་ཆ་ནས་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་འདྲེན་ཚུལ་བཅས་རིགས་གསུམ་ཡོད་དེ།

༡.ཚིག་སྦྱོར་གྱི་རྟགས་མཚུངས་འདྲེན་ཚུལ་ནི་ཚིག་གི་སྦྱོར་བ་ལས་མིང་དུ་མ་སྦྲེལ་བར་བྱེད་སྐབས་མིང་སྔ་མའི་རྗེས་མཐའི་སྒྲ་གདངས་དྲག་ཞན་དང་བསྟུན་ནས་ཕྲད་ཀྱང་དེ་མཚུངས་སུ་མཐུན་པར་སྦྱོར་བར་བྱེད་པ་རྣམས་ཡིན་ཞིང་། འདི་ལ་བྱེ་བྲག་ཏུ་རྗེས་འཇུག་ལ་ལྟ་དགོས་པའི་ཕྲད་གཞན་དབང་ཅན་དང་ལྟ་མི་དགོས་པའི་ཕྲད་རང་དབང་ཅན་གྱི་རྟགས་མཚུངས་འདྲེན་ཚུལ་གཉིས་ཙམ་སྣང་བ་རིམ་པར་མདོ་ཙམ་སྤྲོས་ན།

(༡)རྗེས་འཇུག་ལ་ལྟ་དགོས་པའི་ཕྲད་གཞན་དབང་ཅན་གྱི་རྟགས་མཚུངས་འདྲེན་ཚུལ་ནི་དཔེར་ན།

ལྟ་བུ་དང་། དེ་བཞིན་དུ་ཨམ་སྐད་ཁྲོད་དུའང་སྟག་གི[~k/~kə]ཐིག་ལེ་དང་། ལྕགས(ཀི)གི[~k/~kə]ཀ་བ། སྟོད(ཀི)གི[~t/~kə]གངས་རི། ཀུན་བཟང་གི[~ŋ/~gə]རི་མོ། རིན་ཆེན་གི[~n/~gə]ཕ་ཡུལ། ལྷ་གི[~a/~ɣə]བྱིན་རླབས་ལྟ་བུ་འབྲེལ་སྒྲའི་ཕྲད་རྟགས་མཚུངས་སུ་དྲངས་པ་དང་། ལྕགས་སྨྱུག་གིས[~k/~kə]བྲིས། བསམ་འགྲུབ(ཀིས)གིས[~p/~kə]བཤད། དགེ་འདུན་གིས[~n/~gə]ཉོས།སེང་གེ་གིས[~e/~ɣə]བསད། རྡོ་རྗེ་གིས་བཟུང[~e/~ɣə]ལྟ་བུ་བྱེད་སྒྲ་རྟགས་མཚུངས་སུ་དྲངས་པ་ངག་སྲོལ་དུ་ཤུལ་རྗེས་ཙམ་མཐོང་ནུས་སོ། །
(༢)རྗེས་འཇུག་ལ་བལྟ་མི་དགོས་པའི་ཕྲད་རང་དབང་ཅན་རེ་འགའ་སྐབས་འགར་རྟགས་མཚུངས་འདྲེན་ཚུལ་ལྟར་སྣང་བ་དཔེར་ན།

ལྟ་བུ་སྟེ་གཤམ་དུ་རིམ་པར་སོ་སོར་རྣམ་གསལ་གྱི་དཔེ་ཙམ་བཀོད་ན། སློབ་སྦྱོང་ནི་བཟང་། སྒྲིག་ལམ་ནི་བརྩི། བྱ་དགའ་ནི་ཐོབ་ལྟ་བུ་ནི་སྒྲའི་སྦྱོར་ཚུལ་དང་།བློ་བཟང་དང་། མི་ཕམ་དང་། ཀུན་དགའ་དང་། བཀྲ་ཤིས་བཅས་ནི་དན་གྲོགས་སུ་ངེས་ལྟ་བུ་དང་སྒྲའི་སྦྱོར་ཚུལ་དང་། ལག་ཏུ་བཟུང་ནས་སོང་། ཁ་ཟུམ་ནས་བསྡད། ཀུན་དགའ་ནས་བྲོ་འཁྲབ་ལྟ་བུ་དང་། ཡང་ན་ཟི་ལིང་ནས་ལྷ་སའི་བར། གནམ་ནས་ལྷུང་། ནམ་མཁའ་ནས་ཉི་མ་ཤར་ལྟ་བུ་ནས་སྒྲའི་སྦྱོར་ཚུལ་དང་། ཀུན་བཟང་ལས་བཀྲ་ཤིས་ཞན། སྒམ་ལས་ཕྱིར་བཏོན། བས་མཐའ་ལས་བརྒལ་ལྟ་བུ་ལས་སྒྲའི་སྦྱོར་ཚུལ་དང་། ཅོག་ཙེ་སྟེང་ན་དཔེ་ཆ་ཡོད། གཡུལ་ཕམ་ན་བྱ་དགའ་མེད། བློ་དགའ་ན་ཉེ་ཉེ་གྱིས་ལྟ་བུ་ན་སྒྲའི་སྦྱོར་ཚུལ་དང་། སྙིང་ལ་ཟུག རུམ་ལ་བཅུག བཤད་དཀའ་ལ་བསྒྲུབ་ཀྱང་དཀའ་ལྟ་བུ་ལ་སྒྲའི་སྦྱོར་ཚུལ་དུ་ངེས་པ་རྣམས་རྟགས་མཚུངས་འདྲེན་ཚུལ་དུ་སྣང་ངོ་། །

༢.ཚིག་སྦྱོར་གྱི་སྒྲ་མཚུངས་འདྲེན་ཚུལ་ནི་ཚིག་སྦྱོར་གྱི་མིང་གི་བསྐྱར་ཟློས་དང་སྒྲ་རྒྱན་སྤེལ་སྟངས་དང་ཚིག་སྦྱོར་ཁྲོད་དུ་མིང་གཉིས་སམ་དུ་མ་ལྷན་གཅིག་ཏུ་སྦྱོར་སྐབས་སུ་མིང་སྔ་མའི་རྗེས་མཐའི་སྒྲ་ཤུགས་ཀྱིས་ཕྱི་མའི་ཕྲད་སྒྲ་མཚུངས་པར་འདྲེན་པའམ་རྗེས་འཇུག་གི་མཐའ་ནས་དྲངས་ཏེ་གཞི་གདངས་མཚུངས་པར་སྦྱོར་བའི་ཐབས་ལམ་ཅི་རིགས་ལས་མངོན་འདུག་སྟེ་རིམ་པར་དཔེར་བརྗོད་ན།

(༡)མིང་གི་བསྐྱར་ཟློས་སམ་སྒྲ་རྒྱན་སྤེལ་སྟངས་སོགས་ཀྱི་སྒྲ་མཚུངས་འདྲེན་ཚུལ་ལྟར་ན། བྱེ་བྲག་ཏུ་ཟུང་ལྡན་གྱི་རྒྱན་སྤེལ་སྟངས་སྣ་ཚོགས་དང་། བྱ་དཀའ་བའི་ཁྱད་པར་གཞན་སྟོན་པ། དབྱངས་སོགས་ངེས་པའི་བྱ་དཀའ་བཅས་སྣང་བ་ལས། དང་པོ་ལ་རྐང་བ་རྣམས་ཀྱི་དང་པོ་ན་ཡོད་པའི་ཟུང་ལྡན་དང་། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་བཅས་དྲུག་ཏུ་ཡོད་ཅིང་། དེ་རེ་རེ་ལའང་བྱེ་བྲག་ཏུ་དབྱེ་བ་ཕྲ་ཞིབ་ཏུ་སྣང་བ་སྙན་འགྲེལ་རྣམས་སུ་འགོད་པ་ལྟར་ལགས་ཕྱིར། འདིར་དེ་དག་རེ་རེ་བཞིན་བརྗོད་པའི་དགོས་པ་ཆེར་མ་མཆིས་ཀྱང་ཟློས་སྒྲའི་ཆ་ནས་ཚིག་གི་སྒྲ་མཚུངས་འདྲེན་ཚུལ་ལ་ངེས་ཤེས་རོབ་ཙམ་འདྲེན་ཕྱིར་དུ་རྣམ་གསལ་གྱི་དཔེ་ཙམ་བཀོད་ན། བོད་མཁས་པས།

མཚར་མཚར་འཕགས་པའི་ཞིང་གི་མེ་ལོང་དུ། །

དུང་དུང་དད་པའི་ཡིད་ངོར་ཤར་བའི་ལྷ། །

མཛེས་མཛེས་མཚན་དཔེའི་སྐྱེ་མཆེད་རྫོགས་པའི་ཞལ། །

ཡང་ཡང་བལྟ་བར་འཚལ་ལོ་དབྱངས་ཅན་ལྷ། ། ལྟ་བུ་རྐང་བ་བཞི་གའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་གྱི་སྤེལ་སྟངས་ལྟར་ཚིག་སྦྱོར་གྱི་སྒྲ་མཚུངས་པར་བསྡེབས་ནས་སྒྲ་མཐུན་སྦྱོར་དུ་སྤེལ་ཡོད་པ་དང་། ཡང་དཔེར་ན་རྒྱལ་དབང་ལྔ་བས།

དཀ༵ར་འཇམ་ཟླ་བའི་གཟུགས་ལ་རབ་འཁུ་བ། །

མཛེས་སྡུག་ལང་ཚོ་རྣམ་པར་རྒྱས་པ་ཅན། །

དཀ༵ར་གསལ་བཞིན་རས་ངོམ་ཚེ་ཁེངས་ལྡན་ཅན། །

མཛེས་ལྡན་ཡོངས་ཀྱི་བརྟན་པ་རྣམ་པར་འཕྲོགས། ། ལྟ་བུ་རྐང་བ་དང་པོ་དང་གསུམ་པ། རྐང་བ་གཉིས་པ་དང་བཞི་བའི་སྒྲ་བར་ཆོད་པའི་ཟུང་ལྡན་དུ་སྤེལ་ནས་ཚིག་སྦྱོར་གྱི་སྒྲ་མཐུན་སྦྱོར་དུ་སྤེལ་ཡོད་པ་དང་། ཡང་དཔེར་ན་རྒྱལ་དབང་ལྔ་བས།

གསལ་བྱེད༵་ཉི་མས་པདྨ་རྒྱས་པར་བྱེད༵། །

མཛེས་བྱེད༵་རྒྱན་གྱིས་སྐྱེས་བུ་མཛེས་པར་བྱེད༵། །

ཕན་བྱེད༵་སྨན་གྱིས་ནད་རྣམས་འགྲོལ་བར་བྱེད༵། །

བསིལ་བྱེད༵་རླུང་གིས་ཚ་གདུང་སེལ་བར་བྱེད༵། །

ལྟ་བུ་རྐང་བ་བཞི་གའི་བར་དང་མཐའ་ན་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་སྤེལ་སྟངས་ལ་བརྟེན་ནས་ཚིག་སྦྱོར་སྒྲ་མཚུངས་སུ་བསྡེབས་ཤིང་མཐུན་པར་སྤེལ་ཡོད་པ་དང་། ཡང་དཔེར་ན《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས།

སྣང༵་བྱེད་བདག་པོའི་སྣང༵་བས་ཕྱོགས་ཀུན་སྣང༵་། །

སྣང༵་གསལ་སྒྲོན་མེའི་སྣང༵་བས་རང་ཁྱིམ་སྣང༵་། །

སྣང༵་མཆོག་ཆོས་ཀྱི་སྣང༵་བས་ཐར་ལམ་སྣང༵་། །

སྣང༵་མཛད་རྒྱལ་བའི་སྣང༵་བས་འཇིག་རྟེན་སྣང༵་། །⑥

ལྟ་བུ་རྐང་བ་བཞི་གའི་ཐོག་མཐའ་བར་གསུམ་ན་ཡོད་པའི་བར་ཆོད་ཀྱི་ཟུང་ལྡན་སྤེལ་སྟངས་ལ་བརྟེན་ནས་ཚིག་སྦྱོར་གྱི་སྒྲ་མཚུངས་པར་བསྡེབས་ཤིང་མཐུན་པར་སྤེལ་ཡོད་པ་དང་། ཡང་དཔེར་ན་བོད་མཁས་པས།

ལེགས་བྱས་རྨད་བྱུང་རི་མོ་བཀྲ་བའི་ཕུལ༵། །

ཕུལ༵་བྱུང་མཚར་སྡུག་རྒྱ་མཚོའི་སྙིང་བོར་སྨིན། །

སྨིན་ལེགས་ངག་གི་དཔྱིད་འཇོ་དབྱངས་ཅན་ལྷ། །

ལྷ་མཆོག་ཁྱོད་ཀྱིས་སྐྱེ་བར་རྗེས་ཟུངས་ཤིག ། ལྟ་བུ་ཚིགས་བཅད་རྐང་བའི་མཐའ་ཐོག་སྒྲ་ཟུང་དུ་བསྡེབས་ནས་ཚིག་སྦྱོར་གྱི་སྒྲ་མཚུངས་པར་བསྡེབས་ཤིང་མཐུན་པར་སྤེལ་ཡོད་པ་དང་། ཡང་དཔེར་ན་བོད་མཁས་པས།

རྒྱལ་བའི་དབང་བོ་གང་གི་གཟུགས་ཀྱི་སྐུ། །

སྣ་ཚོགས་གདུལ་བྱའི་ཡིད་དང་མཐུན་པར་འཇུག །

དེ་བཞིན་ཆོས་ཀུན་སྟོན་པའི་གསུང་འདི་ཡང་ ། །

སྣ་ཚོགས་གདུལ་བྱའི་ཡིད་དང་མཐུན་པར་འཇུག།། ལྟ་བུ་ཀུན་ཏུ་ཟུང་ལྡན་ལས་རྐང་བ་གཉིས་པ་དང་བཞི་བ་བཟླས་པར་བསྡེབས་ནས་ཚིག་སྦྱོར་གྱི་སྒྲ་མཚུངས་ཤིང་མཐུན་པར་སྤེལ་ཡོད་པ་དང་། ཡང་དཔེར་ན་བོད་མཁས་པས།

མཛེས༵་པ་མཛེས༵་པའི་ནང་ནས་མཛེས༵་པ་མཛེས༵་པའི་དཔྱིད་ཕུལ་བྱུང་། །

ཕུལ་བྱུང་དམ་པའི་རྩེར་འཛེག་དམ་པའི་སྤྱོད་ཚུལ་གྱིས་མཛེས་མ། །

མཛེས་མ་ཁྱོད་གསུང་སྙན་ཚིག་གསུང་སྙན་དམ་ཆོས་སྒྲ་དབྱངས་ཅན། །

དབྱངས་ཅན་ལྷ་མོ་སྲིད་ཞིའི་ལྷ་མོ་ཀུན་གྱི་མཆོག་ལགས་སོ། ། ལྟ་བུ་བསྲེས་པའི་ཟུང་ལྡན་གྱི་སྤེལ་སྟངས་ལ་བརྟེན་ནས་ཚིག་སྦྱོར་གྱི་སྒྲ་མཚུངས་ཤིང་མཐུན་པར་སྤེལ་ཡོད་པ་དང་། ཡང་དེ་ཉིད་ནས།

རྫུན་ཕྱིར་དེ་ཉིད་འཁྲུལ་ལ་མེད་བཞིན་སྣང་། །

དངོས་ཀུན་དེ་ཉིད་སྟོང་སྟེ་ཟབ་དོན་རིག །

རིག་དོན་ཟབ་སྟེ་སྟོང་ཉིད་དེ་ཀུན་དངོས། །

སྣང་བཞིན་མེད་ལ་འཁྲུལ་ཉིད་དེ་ཕྱིར་རྫུན། ། ལྟ་བུ་བཟློག་པའི་ཟུང་ལྡན་སྤེལ་སྟངས་ལ་བརྟེན་ནས་ཚིག་སྦྱོར་གྱི་སྒྲ་མཚུངས་ཤིང་མཐུན་པར་སྤེལ་ཡོད་དོ། །

དེ་བཞིན་དུ་བྱ་དཀའ་བའི་ཁྱད་པར་གཞན་སྟོན་པ་དང་དེ་ལས་འཕྲོས་པའི་ཀུན་འཁོར་དང་དབྱངས་སོགས་ངེས་པའི་བྱ་དཀའ་བའི་རྒྱན་སྤེལ་སྟངས་སོགས་ལའང་ཚིག་སྦྱོར་གྱི་སྒྲ་མཚུངས་པར་དྲངས་ཤིང་མཐུན་པར་སྤེལ་བའི་ཁྱད་ཆོས་མངོན་གསལ་ལྡན་ཏེ། དཔེར་ན《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》ལས་བ་ལང་གཅིན་གྱི་དཔེར་བརྗོད་དུ།

ལྟ་བུ་བྱ་དཀའ་བའི་རྒྱན་ལས་བ་ལང་གཅིན་གྱི་སྤེལ་སྟངས་ལྟར་ཚིག་སྦྱོར་གྱི་སྒྲ་མཚུངས་པར་བཟླས་ཤིང་མཐུན་པར་སྦྱར་ཡོད་པ་དང་། ཡང་དཔེར་ན་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས།

ལྟ་བུ་ལས་ཀུན་འཁོར་ལྟར་ཚིགས་བཅད་ཤོ་ལོ་ཀ་ཕན་ཚུན་བར་སྒྲ་བཟླས་ཤིང་འདྲ་མཚུངས་སུ་བསྡེབས་ནས་ཚིག་སྦྱོར་ཡོངས་སྒྲ་མཐུན་སྦྱོར་དུ་སྤེལ་ཡོད་པ་དང་། དེ་མཚུངས་སུ་དབྱངས་ངེས་པའི་བྱ་དཀའ་བ་ལྟར་ནའང《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས།

ཉིན་དཀྱིལ་ཇི་བཞིན་དམིགས་པའི་ཏིང་འཛིན་གྱིས། །

མུན་འཁྲུལ་དྲུངས་ཕྱུང་ལྷུན་གྲུབ་ཟུང་འཇུག་སྐུ། །

ལེགས་བརྙེས་མཁྱེན་བརྩེ་ཡེ་ཤེས་གཏེར་ཆེན་ཁྱེད། །

བློ་གྲོས་དངོས་པོ་མཆོག་སྩོལ་འཁོར་ལོའི་མགོན། །⑦

ལྟ་བུ་རིམ་པར་དབྱངས་ཨི་ཨུ་ཨེ་ཨོ་བཞི་རུ་ངེས་པ་དང་། ཡང་ན།

ལྷག་བསམ་ཉ་རྒྱས་ཟླ་དཀར་རབ་གསལ་བ། །

ངག་དབང་དབྱངས་ལྡན་སྨྲ་བ་རྒྱས་མཛད་ལྷས། །

རབ་འབྱམས་གནས་དག་སྨྲ་མཁས་ངག་དབྱངས་དཔལ། །

བསྩལ་པས་དཀའ་གནད་རྒྱ་ལས་ཐར་བར་བྱས། །⑧

ལྟ་བུ་དབྱངས་ཨ་རྐྱང་དུ་ངེས་པར་བྱས་ཤིང་དབྱངས་གཅིག་མཚུངས་སུ་བཟླས་པར་སྤེལ་ནས་ཚིག་སྦྱོར་སྤྱིའི་སྒྲ་མཚུངས་པར་དྲངས་ཤིང་གཞི་གདངས་མཐུན་པར་སྣང་ངོ་། །

གཞན་ཟློས་སྒྲའི་སྤེལ་སྟངས་ལྟ་བུའི་སྒྲ་མཚུངས་འདྲེན་ཚུལ་ནི་མཁས་པའི་ལེགས་བཤད་དང་། བསླབ་བྱ། འབེལ་གཏམ་བཅས་དང་། དམངས་ཁྲོད་ཀྱི་གཏམ་དཔེ་དང་སྤྱིར་བཏང་གི་བརྗོད་གཏམ་སྣ་ཚོགས་སུའང་མཐོང་དུ་ཡོད་དེ། དཔེར་ན།

བདེ༵་བ༵་ཆུང་ལ་ཆགས་པ་དེ། ། ཆེན་པོ་བདེ༵་བ༵་ཐོབ་མི་སྲིད། ། ལྟ་བུ་དང་། ཡང་ན།

གྲོག༵ས་བཟང་མཛའ་བོ་རྒུད་ཚེ༵་སྐྱོང༵་། ། གྲོག༵ས་ངན་མཛའ་བོ་འབྱོར་ཚེ༵་སྐྱོང༵་། ། ལྟ་བུ་ལེགས་བཤད་ཀྱི་ཚིག་དང་། ཡང་དཔེར་ན།

འཁོ༵ར་ལོ་བཞི་ལྡན་རྟེན་བཟང་ཐོབ་སྐབས་འདི། །

འཁོ༵ར་བའི་འཆིང་བ་གཅོད་པའི་དུས་ཡིན་པས། །

འཁོ༵ར་གསུམ་སྐོར་བའི་ཐབས་ཙམ་མ་ཡིན་པར། །

འཁོ༵ར་ལོ་གསུམ་གྱི་དགོངས་དོན་ངེས་རྙེད་ནས། །

འཁོ༵ར་གསུམ་དག་པའི་དགེ་སྦྱོར་གྱིས་ཤིག་ཨང་། །
ལྟ་བུ་བསླབ་བྱའི་ཚིག་དང་། ཡང་དཔེར་ན།

ལྷ་ཆོས༵་ལ༵་ཤེས་གལ༵་ཆེ༵། མི་ཆོས༵་ལ༵་གོམས་གལ༵་ཆེ༵། ལོ་རྒྱུས་ལ༵་ཞིབ་གལ༵་ཆེ༵། ཚིག་ངན་ལ༵་ནོན་གལ༵་ཆེ༵། བཞད་གད་ལ༵་འཇམ་གལ༵་ཆེ༵་ལྟ་བུ་འབེལ་གཏམ་གྱི་ཚིག་དང་།བཤ༵ད་བཤ༵ད་པོ༵་ཉན་རྒྱུ་མེད། བྱིན༵་བྱིན༵་པོ༵་ཟ་རྒྱུ་མེད།

འཐེན་འཐེན་ན་ཆད་འགྲོ། བཀུག་བཀུག་ན་ཆག་འགྲོ། ལྟ་བུ་གཏམ་དཔེའི་ཚིག་དང་། སྤྱིར་བཏང་གི་ངག་བརྗོད་ལྟར་ནའང་། བརྡ་རྙིང་དུ་ནམ་ནམ་ནི་ཞ་ཞ་རུ། ཞེས་དང་། མོལ་མོལ་ནྀ་འཆམ་འཆམ་ན། བཀའ་མཆིད་ནྀ་མྱྀས་མྱྀ་མཉན། འཆམ་འཆམ་ནྀ་འདྲུལ་འདྲུལ་ན། ཆགས་ལམ་ནྀ་ཆུས་མྱི་སྦང⑨ལྟ་བུ་དང་། དེང་རབས་སྐད་དུ། བོས༵་བོས༵་ཏེ་སྐད་འགག་ཐལ། བཤ༵ད་བཤ༵ད་དེ་ཁ་སྐམ་ཐལ། རིག༵་རིག༵་ཐུག༵་ཐུག༵་ཐམས་ཅད་འཁྱེར་མི་ཉན་ཞེས་སོགས་མང་དུ་ཡོད་ལ། ས་པཎ《མཁས་འཇུག》ཏུའང་། གཟུགས(འོད་ལྷག་ལྷག་པོ)སྒྲ(ཅལ་ཅལ)དྲི(ཆིལ་ཆིལ)རོ(མྱོག་མྱོག)རེག་པ(འབྱོར་འབྱོར་པོ)དང་། ། སེམས་ལས་བྱུང་བའི(སེམས་སེམས་པོ)ཁྱད་པར་འགའ། ། ཕྱོགས་གཅིག་ངེས་པར་མི་ནུས་པ། ། སྟོན་ཏེ་ཉེ་བར་སྦྱར་བའི་སྒྲ། ། དེ་སོགས་སྦྱོར་བའི་ངག་ཕལ་ཆེར། ། ཉེ་བར་སྟོན་ན་ཟློས་སྒྲ་འཇུག །⑩ཅེས་གསུངས་པ་སོགས་དོན་དུ་ཚིག་སྦྱོར་གྱི་སྒྲ་མཚུངས་པར་དྲངས་ནས་སྒྲ་མཐུན་སྦྱོར་དུ་སྤེལ་བའི་ཐབས་འདི་ཉིད་ལས་མ་འདས་སོ། །

(༢)ཕྲད་སྦྱོར་ཚུལ་གྱི་སྒྲ་མཚུངས་འདྲེན་ཚུལ་ནི་ཚིག་སྦྱོར་ཁྲོད་དུ་མིང་སྔ་ཕྱི་དག་ལྷན་དུ་སྦྱོར་སྐབས་མིང་སྔ་མའི་ཤུགས་རྐྱེན་ལས་ཕྲད་གང་ཞིག་རྗེས་མཐའ་ནས་དྲངས་ཏེ་ཕྱི་མའི་ཕྲད་སོགས་སྔ་མའི་མཐའ་རྟེན་སོགས་དང་སྒྲ་མཚུངས་པར་དྲངས་ཤིང་སྒྲ་གདངས་མཐུན་པར་གྱུར་པ་ཡིན་ཏེ། འདིར་རྣམ་གསལ་གྱི་དཔེ་ཙམ་རེའུ་མིག་ཏུ་བཀོད་ན།


ལྟ་བུ་དང་། ཡང་ན་མཐོང༵་ངོ༵་ཅོག ཡོད༵་དོ༵་ཅོག གཅེས༵་སོ༵་འཚལ། བྱིན༵་ནོ༵་ཅོག མྱྀའ༵་འོ༵་ཆོག ཕྱུག༵་གོ༵་ཆོག་ལྟ་བུ་སོགས་ཡིག་སྐད་ཡིན་པ་དང་། ཁ་སྐད་ལྟར་ནའང་ཨམ་སྐད་དང་ལ་དྭགས་ཀྱི་སྐད་སོགས་སུ་ལ་དོན་དང་། ལྷག་བཅས། འབྲེལ་སྒྲ་སོགས་ཀྱི་ཕྲད་སྐོར་ཞིག་སྒྲ་མཚུངས་འདྲེན་ཚུལ་ལྟར་སྣང་སྟེ། དཔེར་ན་ཨམ་སྐད་དུ།

ལྟ་བུ་ལ་དོན་གྱི་ཕྲད་ཚིག་སྦྱོར་གྱི་ཕྱེད་སྔ་མའི་མིང་གི་རྗེས་མཐའ་ནས་དྲངས་ཤིང་སྒྲ་མཚུངས་འདྲེན་ཚུལ་ལྟར་སྣང་བ་དང་། ཡང་དཔེར་ན།

ལྟ་བུ་དང་། ཡང་ན་དབུས་གཙང་སྐད་དུ། ཁོང་ཚོ་ལས་བྱེད་བ་སྦ(བམ)། རང་དེ་རིང་པར་བརྒྱབ་བ(བམ)།རང་རྒྱ་སྐད་ཤེས་ཀྱི་ཡོད་ད/དས(དམ)། ཁོ་ཁྲོམ་ལ་ཕྱིན་སོང་ང/ངས(ངམ)། རང་བློ་བཟང་གི་ཇོ་ལགས་ཡིན་ན/ནས(ནམ)། ཁོང་གིས་སློབ་སྦྱོང་བྱེད་ཀྱི་ནུག་ག/གས(གམ)། ཁྱོད་ཅག་གིས་ལྟོ་བཟས་ཚར་ར/རས(རམ)ལྟ་བུའི་འབྱེད་སྡུད་ཀྱི་ཕྲད་ཚིག་སྦྱོར་གྱི་ཕྱེད་སྔ་མའི་མིང་གི་རྗེས་མཐའ་ནས་དྲངས་ཤིང་སྒྲ་མཚུངས་འདྲེན་ཚུལ་ལྟར་སྣང་བ་དང་། དེ་བཞིན་དུ་ལ་དྭགས་སྐད་ཀྱི་འབྲེལ་སྒྲའི་སྦྱོར་ལུགས་ཀྱང་སྒྲ་མཚུངས་འདྲེན་ཚུལ་ལྟར་སྣང་སྟེ།

ཞེས་པ་ལྟར་སྣང་བ་རྣམ་གསལ་གྱི་དཔེར་བརྗོད་ཙམ་བཀོད་ན།

ནམ་མཁའི་དཀྱིལ་ལི(གྱི)སྐར་མ་ཆེན་པོ་འདུག སྒམ་མི(གྱི)ནང་ང(ལ)གོན་ཆས་ཡོད། དགོན་པའི་ནང་ངི(གི)སངས་རྒྱས་གསེར་རི(གྱི)ཡིན།  ཤིང་སྡོང་གཉིས་སི(ཀྱི)བར་རི(གྱི)ཞིང་།

ཕྲུ་གུ་ཡིས་དཔལ་ལྡན་ནི(གྱི)ག་ནས་དཔེ་ཆ་ཁྱེརཞེས་པ་ལྟར་རོ། །དེ་མཚུངས་སུ་ཕྲད་རང་དབང་ཅན་གྱི་སྒྲ་མཚུངས་འདྲེན་ཚུལ་ལྟར་ནའང་། སྐུ་མདུན༵་ན༵་ཡོད། ཕྱི་རོལ༵་ལ༵་སོང་ལྟ་བུ་ན་ལའི་སྦྱོར་ཚུལ་དང་། མེ་བསྒྲོན༵་ན༵ས་འབར། གྲངས་ཀ་བདུན༵་ན༵ས་སུམ་ཅུ་བར། སློབ་མ་སྐལ་སྒྲོལ༵་ལ༵ས་གཡུ་སྒྲོན་བཟང་ལྟ་བུ་ནས་ལས་གཉིས་ཀྱི་སྦྱོར་ཚུལ་དང་། སྟོད༵་དང༵་སྨད༵་དང༵་། དཔྱིད༵་དང༵་དབྱར་ལྟ་བུ་དང་སྒྲའི་སྦྱོར་ཚུལ་དང་། བསམ་གཏན་དགོན༵་ནི༵་སྐྱིད། དགུན༵་ནི༵་དྲོ། སྟོན༵་ནི༵་བསིལ་ལྟ་བུ་ནི་སྒྲའི་སྦྱོར་ཚུལ་ཡིན་པ་རྣམས་ཐམས་ཅད་ཀྱང་སྒྲ་མཚུངས་འདྲེན་ཚུལ་ཉིད་ལས་མ་འདས་སོ། །

༣.ཚིག་སྦྱོར་གྱི་བརྗོད་བདེ་འདྲེན་ཚུལ་ནི་ཚིག་སྦྱོར་སྤེལ་སྐབས་སུ་གོང་སྤྲོས་རྟགས་མཚུངས་དང་སྒྲ་མཚུངས་འདྲེན་ཚུལ་གང་ཡང་མ་ཡིན་པར་མིང་ཕྲད་དག་བརྗོད་བདེ་ལྟར་སྦྱར་བ་ཡིན་མོད། མིང་གཉིས་སམ་དུ་མའི་སྦྱོར་སྟངས་ཀྱང་གཙོ་བོ་ཕྲད་ཀྱི་སྦྱོར་ལུགས་ལ་རག་ལས་ཕྱིར། འདིར་ཡང་བརྗོད་བདེ་ལྟར་སྦྱར་བའི་གཞན་པའི་ཕྲད་གཞན་དབང་ཅན་དང་རང་དབང་ཅན་གྱི་སྦྱོར་ལུགས་རྣམས་གནད་དུ་འཛིན་དགོས་པར་རིགས་ཏེ། འདི་ལ་སི་ཏུ་པཎ་ཆེན་གྱིས། ཕྱི་མ་དག་གི་འདྲེན་ཚུལ་ལས་འབྲེལ་སྒྲ་སོགས་བརྗོད་སྐབས། ད་བ་ས་ང་རྣམས་ཀྱི་མཐར་རྟགས་མཚུངས་འདྲེན་པ་འགྲིག་ཀྱང་གཞན་རྣམས་བརྗོད་བདེ་ཙམ་ལ་དགོངས་པར་སྣང་བས། རྒྱུ་མཚན་འདི་རྣམས་དང་སྦྱར་ན་ཁོ་བོའི་འགྲེལ་ཚུལ་འདི་ཉིད་ལེགས་བཤད་དུ་རྟོགས་པར་འགྱུར་རོ། ། ཞེས་བསྟན་པ་བཞིན་ཕྲད་རྣམས་ཀྱི་བརྗོད་བདེ་འདྲེན་ཚུལ་ལྟར་ན།


ལྟ་བུ་སྔ་མ་རྗེས་འཇུག་ཕོ་དང་མ་ནིང་སོ་སོས་ཕྱི་མའི་ཕྲད་མོ་དང་ཤིན་ཏུ་མོ་དང་མོ་གཤམ་དྲངས་པ་སོགས་ཧ་ལམ་ཁ་སྐད་དུའང་ཡིག་སྐད་དང་གཉིས་སུ་མེད་པར་བརྗོད་བདེ་འདྲེན་ཚུལ་དུ་ངེས་པ་སྨོས་མ་འཚལ་ཏོ། །

མཇུག་བསྡུ་བའི་གཏམ།

 དེ་ཡང་ཡིག་སྲོལ་གང་ཡང་རུང་སྐད་སྲོལ་དང་བསྟུན་ནས་བྱུང་བ་ཡིན་ལ། སྐད་སྲོལ་ཡང་ཡིག་སྲོལ་ལ་བརྟེན་ནས་གྲ་མ་ཉམས་ཤིང་ཟུར་མ་ཆག་པར་མངོན་པར་མཚོན་ཕྱིར། དེ་དག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་སྣང་། དེ་ལྟ་ནའང་སྐད་སྲོལ་རང་སྤྱི་ཚོགས་རིག་གནས་དང་འཚོ་བ་དངོས་ལས་རང་ཤུགས་ཀྱིས་འཕེལ་འགྱུར་བྱུང་ཆོག་ཀྱང་། ཡིག་སྐད་དམ་ཡིག་སྲོལ་ནི་གང་ཞིག་མཁས་པས་སྐད་གསར་བཅད་ཀྱིས་གཏན་དུ་མ་ཕབ་ན་རང་བྱུང་གིས་འགྱུར་ལྡོག་བྱེད་པ་ཞིག་མིན་སྟབས། སྐབས་འགར་སྐད་སྲོལ་དང་ཡིག་སྲོལ་བར་ལ་དོ་མི་མཉམ་པའི་འཕེལ་འགྱུར་གྱི་སྣང་ཚུལ་ཞིག་ཀྱང་ལྡན། དེ་བཞིན་དུ་བོད་ཀྱི་ཁ་སྐད་དང་ཡིག་སྐད་གང་རུང་གི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ལའང་བྱེ་བྲག་ཏུ་ཁྱད་པར་ཨེན་ཙམ་ལྡན་ཡང་། སྤྱི་འབྱམས་སུ་དམིགས་ནས་ཁ་སྐད་དང་ཡིག་སྐད་གང་རུང་གི་ཡི་གེའམ་སྒྲ་གདངས་ཀྱི་སྦྱོར་ལུགས་དང་། མིང་གི་སྤེལ་སྟངས་དང་། ཚིག་སྦྱོར་རམ་ཕྲད་ཀྱི་སྦྱོར་ལུགས་བཅས་ཚོགས་གསུམ་ག་གང་རུང་ལ་བརྟག་ཅིང་དཔྱད་ན། སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་སྐད་དང་ཡི་གེ་གང་རུང་གི་ཚོགས་གསུམ་ག་ལ་རིས་སུ་མ་ཆད་པའི་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཏུ་མངོན་ཞིང་། བོད་སྐད་ཀྱི་སྡེབ་སྦྱོར་རིག་པ་དང་སྐད་བརྡ་རིག་པའི་ཕྱོགས་གང་ཐད་བརྟགས་ཀྱང་སྐད་བརྡའི་སྤྱོད་སྟངས་སོགས་ལག་ལེན་ནས་གཞུང་ལུགས་ཐད་ཀྱི་རྩ་བའི་ལྟ་བའི་བར་ཞིབ་དཔྱོད་ཀྱི་རིན་ཐང་མཆོག་ཏུ་ལྡན་པས་ན། འདིར་ཡང་གོང་སྤྲོས་ཀྱི་དབྱེ་ཞིབ་དག་བརྒྱུད་ནས་མ་མཐའ་ཡང་གཤམ་གྱི་གནད་འགའ་ནས་བསྡོམས་ཚིག་ཙམ་འགོད་དུ་རུང་སྟེ།

 ༡.རྟགས་ཀྱི་འཇུག་པའི་རྩ་བ་ལས། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཞེས་པ་ནས། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཞེས་དང་། དེ་ནས། དེ་དག་སྔ་ཤུགས་འདྲེན་པས་འབྱུང་། ། ཞེས་པའི་བར་སྤྱི་འགྲོས་ཀྱི་རྩ་དོན་ཞིག་བཏོན་པ་ནི་སྤྱིར་བཏང་གི་བམ་བཤད་ཙམ་མ་ཡིན་པར། འདིས་ཀྱང་རང་རེའི་བརྡ་སྤྲོད་ཀྱི་གཞུང་ཆེན་པོ་གཉིས་ཏེ་སུམ་ཅུ་བ་དང་རྟགས་འཇུག་གི་དཀའ་གནད་མི་ཉུང་བ་ཞིག་གསེད་འགྲོལ་གནང་ཡོད་པར་མ་ཟད། དེང་རབས་སྐད་བརྡ་རིག་པའི་གཞུང་དུ་བསྟན་པའི་ཚོགས་གསུམ་གའི་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཀྱང་གཏིང་ཕྱིན་པར་བསྟན་འདུག་ལ། དེ་ལྟའི་སྒྲ་མཐུན་སྦྱོར་གྱི་སྤེལ་སྟངས་ནི་དོན་དུ་བོད་སྐད་རང་ངོས་ཀྱི་སྡེབ་སྦྱོར་རིག་པའི་གཞུང་རྐང་ཞིག་ཀྱང་ཡིན་ཕྱིར། གནད་འདི་ལ་ཞིབ་དཔྱོད་ཀྱི་རིན་ཐང་མཆོག་ཏུ་ལྡན་པར་སེམས་སོ། །

 ༢.རྩ་བ་ལས། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཞེས་པའི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་རང་རེའི་བརྡ་སྤྲོད་སྨྲ་བ་ཕལ་ཆེ་བས་རྟགས་འཇུག་གི་གཞུང་ལྟར་གཙོ་བོ་རྟགས་མཚུངས་འདྲེན་ཚུལ་གླེང་བྱ་རུ་འདོད་ཀྱང་། དོན་དུ་ཚོགས་གསུམ་གའི་སྒྲ་མཐུན་སྦྱོར་གྱི་ཐབས་ལམ་ལྟར་ནའང་རྟགས་མཚུངས་འདྲེན་ཚུལ་ཁོ་ན་ཙམ་དུ་མ་ཟད་པར། འགའ་ཞིག་བརྗོད་བདེའི་དབང་དུ་གྱུར་པའམ་ཡང་ན་སྒྲ་མཚུངས་འདྲེན་ཚུལ་གྱི་དབང་དུ་གྱུར་པའང་ཡོད་པ་ལས། སྒྲ་མཚུངས་འདྲེན་ཚུལ་ནི་མིང་སྔ་མའི་རྗེས་འཇུག་གི་མཐའ་ནས་དྲངས་ཤིང་སྒྲ་གཟུགས་དང་གཞི་གདངས་གང་ཡང་གཅིག་མཚུངས་སུ་སྣང་བས་ན། བརྗོད་བདེ་དང་ཡང་མི་འདྲ་སྟེ་བརྗོད་བདེ་ནི་སི་ཏུ་པཎ་ཆེན་གྱིས། ཕོས་མོ་དྲངས་པ་ལྟ་བུ་དམིགས་བསལ་དེ་འདྲ་ཐར་ཐོར་ལ་ངེས་པ་མེད་དེ། ཀཱ་ལ་པར། ལྷག་མ་འཇིག་རྟེན་པའི་ཉེར་སྤྱོད་ལས་འཛིན་པ་གྲུབ་བོ། ། ཞེས་གསུངས་པ་བཞིན་འཇིག་རྟེན་པའི་གྲགས་པ་དང་བསྟུན་དགོས་པའི་ཕྱིར་རོ། ། ཞེས་བསྟན་ཀྱང་། འདི་ལྟའི་གནད་དག་གཞུང་དོན་ལས་འཕྲོས་ཏེ་ཞིབ་གསལ་ཅན་དུ་སྤེལ་དགོས་རྒྱུ་མང་བར་འདོད་དེ། དཔེར་ན་རྟགས་འཇུག་གི་རྩ་བ་ལས་མགོ་འདོགས་དག་གི་རྟགས་ཀྱི་དབྱེ་བ་མཛད་མེད་པའང་དེ་བཞིན་ནོ། །

༣.སྒྲ་མཚུངས་འདྲེན་ཚུལ་ནི་ཡི་གེའི་སྡེབ་སྟངས་དང་མིང་གི་སྤེལ་སྟངས་སྐབས་སུ་ཟློས་སྒྲའི་ཚུལ་དུ་འབྱུང་བ་མང་ལ། ཚིག་སྦྱོར་སྐབས་སུ་མིང་དང་གཞི་གདངས་ཟློས་པ་ཙམ་མ་ཟད། རྫོགས་ཚིག་དང་འབྱེད་སྡུད་དག་གི་སྦྱོར་ལུགས་དང་ཕྱོགས་མཚུངས་སུ་སྐད་སྲོལ་དུ་ལ་དོན་དང་། འབྲེལ་སྒྲ། ལྷག་བཅས་སོགས་ཀྱི་སྦྱོར་ལུགས་ཀྱང་སྔ་མའི་རྗེས་མཐའ་དྲངས་པ་མང་ཚུལ་ལ་བརྟགས་ན། སྒྲ་མཚུངས་འདྲེན་ཚུལ་འདི་དག་གནའ་དུས་སུ་ཡིག་སྲོལ་དུ་ཞིབ་ཆ་མ་ཐོན་པ་མ་གཏོགས་རྟགས་མཚུངས་འདྲེན་ཚུལ་ལས་ཀྱང་ཁྱབ་ཆེ་བ་ཞིག་ཡིན་ཚོད་དུ་འདུག་པར་སྙམ་སྟེ་བསྟུད་མར་དཔྱད་པར་བྱའོ། །

༤.རྩ་བ་ལས་སྒྲ་མཐུན་ཞེས་པའི་སྒྲ་སྦྱོར་གྱི་སྣང་ཚུལ་ནི་ཕལ་ཆེ་བས་མིང་མཐའ་འདྲེན་ཚུལ་དང་རྣམ་དབྱེ་ཕྲད་སོགས་ཀྱི་སྦྱོར་ལུགས་ཙམ་དུ་ངེས་པར་བྱེད་མོད། དོན་དུ་སྒྲ་ཚིགས་གཅིག་གི་གཞི་གདངས་ཀྱི་སྦྱོར་ལུགས་སམ་ཡི་གེའི་སྦྱོར་བ་དང་། མིང་གི་སྤེལ་སྟངས། ཕྲད་སོགས་གཙོས་པའི་ཚིག་སྦྱོར་གྱི་སྤེལ་སྟངས་བཅས་ཚོགས་གསུམ་གར་ཁྱབ་མཉམ་དུ་སྣང་ཞིང་། བརྡ་སྐད་ཀྱི་གོམས་སྲོལ་གཤིས་ལ་སྣང་བའི་འཕེལ་འགྱུར་གྱི་ཆོས་ཉིད་གལ་ཆེན་ཞིག་ཏུ་ངེས་ཕྱིར། ཀུན་ནས་བསྟུད་མར་དཔྱད་བྱའི་གནད་ཅིག་ཏུ་ངེས་པར་སེམས་སོ། །

༥.སྤྱིར་རྟགས་མཚུངས་དང་། སྒྲ་མཚུངས། བརྗོད་བདེ་གསུམ་ནི་སྒྲ་མཐུན་སྦྱོར་གྱི་ཐབས་ལམ་མི་འདྲ་བ་སོ་སོར་ངེས་ཤིང་། སོ་སོའི་ཁ་སྐད་དང་ཡིག་སྐད་སྟེང་གི་མངོན་ཚུལ་ཡང་ཐ་དད་དུ་སྣང་ན་ཡང་། སྤྱི་ངོས་ནས་སྐད་དང་ཡིག་སྲོལ་གྱི་འབྲེལ་བ་དམ་ཟབ་ཏུ་ལྡན་ཞིང་གཅིག་མཐུན་གྱི་ཆ་མང་བར་ངེས་ལ། སྐབས་འགར་གག་དང་། ངང་། དད། ནན་ལྟ་བུའི་ཡི་གེའི་སྡེབ་སྟངས་དང་། གཞོན་ནུ་དང་མགར་རུ་ལྟ་བུའི་མིང་གི་སྤེལ་སྟངས། སྟག་གི་མཆེ་བ་དང་བསྡད་དེ་ཟོས་ལྟ་བུའི་ཕྲད་ཀྱི་སྦྱོར་ལུགས་སོགས་བརྗོད་བདེ་དང་སྒྲ་མཚུངས་འདྲེན་ཚུལ་གཉིས་ཀར་ངེས་ཙ་ན། འདི་དག་ཕན་ཚུན་ལ་འབྲེལ་བའང་ཡོད་ལ་ཀུན་ཀྱང་གཅིག་མཚུངས་སུ་སྒྲ་མཐུན་སྦྱོར་གྱི་ཐབས་སུ་ངེས་པ་སྨོས་མ་འཚལ་ཏོ། །


* སུམ་བྷ་དོན་གྲུབ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1