“语境”(context)ཞེས་པའི་ཐ་སྙད་བོད་སྐད་ དུ་སྒྱུར་ཚུལ་སྐོར་གླེང་བ།

ཚེ་འབྲུག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


4[གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་མ་ལིན་ནོ་སི་ཀི་ནས་བཏོན་པའི“语境”(context)བྱ་བའི་བརྡ་དོན་གསེད་འགྲོལ་བྱས་པ་བརྒྱུད། དེ་ཉིད་བོད་འགྱུར་ལ“སྐད་ཁམས”དང“གནས་སྐབས”“བརྡའི་གནས་སྐབས”བཅས་ལས་སྐད་ཁམས་ཞེས་པར་བསྒྱུར་ན་འགྲིག་ལུགས་ལུང་རིགས་གཉིས་ནས་བསྒྲུབས་ཡོད།

[གནད་ཚིག] “语境”སྐད་ཁམས། གནས་སྐབས། བརྡའི་གནས་སྐབས།

དང་པོ། ཐོག་མའི་གླེང་སློང་།

“语境”(context)བྱ་བའི་མིང་བརྡ་འདི་ཐོག་མར་འདོན་མཁན་ནི་དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་མ་ལིན་ནོ་སི་ཀི(Malinowski. 1884-1942)ཡིན་ལ། ད་ཕན་བརྡ་ཆད་འདི་སྐད་བརྡ་རིག་པའི་བསྟན་བཅོས་དང་ལྷག་པར་རྩོམ་རིག་མཐའ་དཔྱོད་དང་གཞུང་ལུགས་ཁག་ནས་བཀོལ་སྤྱོད་བྱེད་ཚད་ཅུང་མང་བར་བརྟེན། མིང་བརྡ་འདི་ཉིད་བོད་འགྱུར་འོས་འཚམ་དང་གཅིག་གྱུར་ཡོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཏུ་མཐོང་། རྒྱུ་མཚན་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པ་ཡིན་ན་འདྲ། ནང་སྒོས་རྩོམ་རིག་དང་བརྡ་སྤྲོད་རིག་པའི་གཞུང་ལུགས་དག་ནི་རིག་གཞུང་གང་དེའི་ཐུན་མོང་དང་ཐུན་མིན་གྱི་བརྡ་ཆད་མང་པོས་གྲུབ་ཡོད་པ་བསྙོན་དུ་མེད་ལ། ལྷག་དོན་རང་རེ་ལྟ་བུར་རིག་ཚན་གང་ཞིག་གི་ཉེར་སྤྱོད་བརྡ་ཆད་འཐུས་ཚང་དང་གཅིག་གྱུར་བཟོ་བ་ནི་རིག་ཚན་དེ་ཉིད་འཕེལ་རྒྱས་དང་འཐུས་ཚང་གཏོང་བའི་ཉེར་ལེན་གྱི་རྒྱུ་ལྟ་བུར་གྱུར་ཡོད་པས། གསར་དར་ཡིན་མིན་ཅི་རིགས་ཀྱི་བརྡ་ཆད་འདི་དག་གི་དོན་གསལ་བོར་བྱེད་པ་དང་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེ་བར་འདུག

གཉིས་པ། བརྡ་དོན་དང་མཚན་ཉིད།

དེ་ཡང་མ་ལིན་ནོ་སི་ཀི་ཁོང་རང་མིའི་རིགས་རིག་པའི་མཁས་པ་ཞིག་ཡིན་པས་བརྡ་ཆད་འདི་ཡང་ཐོག་མར་མིའི་རིགས་རིག་པའི་ཁྱབ་ཁོངས་ནས་བཀོལ་སྤྱོད་བྱས་པ་ཡིན་འདུག མ་ལིན་ནོ་སི་ཀིའི་སྐད་ཆའི་ཁོར་ཡུག་དང་འབྲེལ་བའི་ལྟ་བ་འདིས་ཁོའི་གྲོགས་པོ་སྐད་བརྡ་སྨྲ་བ་ཧྥུ་སི (Firth, John Rupert 1890-1960) ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། སྐད་འཁོལ་རིག་པའི(语用学. Pragmatics)(སྐད་ཆ་དེ་འབྲེལ་འདྲིས་ཀྱི་ཁོར་ཡུག་ངེས་ཅན་ནང་ཇི་ལྟར་བེད་སྤྱོད་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན)འཕེལ་རྒྱས་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། དེ་མིན་གཞན་རྩོམ་རིག་མཐའ་དཔྱོད་སྐོར་ནས་མཐའ་དཔྱོད་གསར་མའི་ལུགས་འཛིན་མཁན་རེ་ཆར་རྗི(Ivor Armstrong Richards.1893-1979)ནས་ཀྱང་བརྡ་ཆད་འདི་ཉིད་རྩོམ་རིག་མཐའ་དཔྱོད་ཀྱི་གཞུང་ལུགས་ནང་དྲངས་ཏེ་བཀོལ་སྤྱོད་བྱས་པ་སོགས་རིམ་གྱིས་མིའི་རིགས་རིག་པ་ཙམ་མ་ཡིན་པར་སྐད་བརྡ་རིག་པ་དང་རྩོམ་རིག་མཐའ་དཔྱོད་ཁག་ནས་ཀྱང་འདི་ཉིད་བཀོལ་སྤྱོད་བྱས་འདུག གཞན་རིག་ཚན་སོ་སོ་དང་མཁས་པ་སོ་སོ་ནས་བརྡ་ཆད་འདིར་གོ་བ་ལེན་སྟངས་དང་མཚན་ཉིད་འཇོག་སྟངས་དེ་མཐའ་གཅིག་ཏུ་གཅིག་གྱུར་ཅིག་ཆགས་མེད་པ་འདྲ་མོད། འདིར་གླེང་བྱ་ནི་བརྡ་ཆད་འདིའི་རྩ་བའི་གོ་དོན་ཏེ་མ་ལིན་ནོ་སི་ཀི་ནས་བཏོན་པའི་ལྟ་ཚུལ་གཅིག་པུ་གཞིར་བཟུང་སྟེ་བརྗོད་རྒྱུའོ། །མ་ལིན་ནོ་སི་ཀིས“语境(contex)”ལ་རིགས་གཉིས་སུ་བཀར་འདུག་པ་སོ་སོ་ནི“情景语境”(context of situation)དང“文化语境”(context of culture)ཟེར་བ་རེད། དང་པོ་དེ་ལ“ཡི་གེ་གཅིག་གི་བརྡ་དོན་ནི་ལྐོག་གྱུར་ངང་ཡི་གེ་དེ་ཁོ་ནའི་སྟེང་དུ་མེད་པར་ལྗོངས་རྣམ་རིགས་ཤིག་གི་ནང་དུ་ཡོད།”① ཅེས་སྡོམ་ཚིག་བཀོད་ཡོད། གཉིས་པ་ལ་མ་ལིན་ནོ་སི་ཀི་རང་ནས་ཀྱང་མཚན་ཉིད་ངེས་གཏན་ཞིག་བཞག་མེད། འོན་ཀྱང་ང་ཚོས་དཔེ་བརྗོད་ཅིག་ལས་རྒྱུས་ལོན་བྱས་ན། མ་ལིན་ནོ་སི་ཀིས་སྐབས་དེར་ཨོ་སི་ཁྲུ་ལི་ཡའི(Australia)མངའ་ཞབས་སུ་ཡོད་པའི་ཐེ་ལུའོ་པུའུ་ལི་ཨེན་གླིང་ཚོམ (特洛布里恩群岛) གྱི་སྡོད་དམངས་དག་གི་སོ་ནམ་གྱི་བྱ་བར་ལྟ་ཞིབ་དང་ཐོ་འགོད་བྱེད་སྐབས་དེ་གའི་ཉ་པ་དག་གིས་ཕན་ཚུན་སྐད་གཏོང་སྐབས་གྲུ་ཁེམ་ལ་ཐད་ཀར“ཤིང”(wood) ཞེས་འབོད་པ་ཤེས། འདི་ལས་སྐད་རིགས་ཤིག་གནས་སའི་སྤྱི་ཚོགས་ཀྱི་ཆའམ་རིག་གནས་ཁོར་ཡུག་གིས་སྐད་རིགས་གང་དེའི་བཀོལ་སྤྱོད་ཀྱི་རྣམ་པར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱིན་ཡོད་པ་ཤེས་ཐུབ་སྟེ། ཐེ་ལུའོ་པུའུ་ལི་ཨེན་གླིང་ཚོམ་དུ་འཚོ་བའི་སྡོད་དམངས་ཀྱི་རིག་གནས་ཁོར་ཡུག་ལ་རྒྱུས་ལོན་ངེས་ཅན་མེད་པའི་མི་ཞིག་གིས་ཁོ་ཚོས་འབོད་པའི“ཤིང”ཟེར་བ་དོན་དུ་གྲུ་ཁེམ་ཡིན་པ་ཤེས་མི་སྲིད་པས་བརྡ་དོན་གྱི་ནོར་འཛོལ་གང་ཞིག་ཐེབས་སྲིད་པ་རེད།

མ་ལིན་ནོ་སི་ཀིས་སྐད་ཆའི་ཞིབ་འཇུག་དེ་བྱེ་བྲག་གི་སྐད་ཆའི་ཁོར་ཡུག་དང་ཁ་ཕྲལ་ཚེ་ཞིབ་འཇུག་དེའང་ངལ་བའི་རྒྱུ་ཙམ་ལས་དོན་སྙིང་གིས་སྟོང་བར་འདོད་དེ། འདིའི་སྐབས་ཀྱི་སྐད་ཆའི་ཁོར་ཡུག་བྱ་བ་ནི་དོན་དུ“情景语境”ཡིན་ཞིང་དེ་ལ་སྐད་ཆའི་རང་བཞིན(语言性)ངེས་ཅན་ལྡན། དེ་མིན“文化语境”ལ་དེ་ལྟ་བུའི་སྐད་ཆའམ་བརྡ་སྤྲོད་ཀྱི་རང་བཞིན་མ་ཡིན་པར་སྤྱི་ཚོགས་དང་རིག་གནས་ཀྱི་དོན་སྙིང་ལྡན་པས་མི་སོ་སོའི་རིན་ཐང་གི་ལྟ་བ་དང་ཆོས་ལུགས་དད་མོས། ཤེས་བྱའི་ཆུ་ཚད་སོགས་དང་འབྲེལ་བ་ངེས་ཅན་ཡོད་པར་སྨྲ།མདོར་དྲིལ་ན།“语境(contex)”དང་འབྲེལ་བའི་གཞུང་ལུགས་ཀྱི་ལྟ་བའི་གནད་ནི་འདི་ལྟ་སྟེ། སྐད་ཆའི་བརྡ་དོན་ནི་སྐད་ཆ་དེ་འགྲུབ་བྱེད་ཀྱི་མིང་དང་ཚིག་ཁོ་ནས་གྲུབ་པ་ཞིག་མ་ཡིན་པར་སྐད་ཆ་གང་དེ་སྨྲ་སྐབས་ཀྱི་ཚིག་གི་གོང་འོག་དང་མི་སྣའི་རྣམ་འགྱུར། རིག་གནས་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལའང་རག་ལས་ཡོད་པ་ཞིག་ཡིན་སྟབས། ངེས་པར་ཉམས་འཇོག་དགོས་པ་ཞིག་ནི་སྐད་ཆ་དེ་ཉིད་མི་གཉིས་དང་གཉིས་ཡན་ཆད་ཀྱིས་དངོས་སུ་བཀོལ་སྤྱོད་བྱས་ཚུན་ནས་བཟུང་། ཉན་མཁན་གྱིས་དེའི་ཚིག་ངོས་ཀྱི་བརྡ་དོན་ཁོ་ན་ཤེས་པས་མི་ཆོག་པར་སྐད་ཆ་བཤད་མཁན་གྱི་མི་དང་བཤད་ཡུལ། མི་རིགས་སོ་སོ་གང་ཡིན་པ། དེའི་ལས་ཀའམ་ཐོབ་ཐང་། སྐད་ཆ་བཤད་སྐབས་ཀྱི་ཡུལ་དུས་ལ་སོགས“ཁོར་ཡུག”ལ་ངེས་པར་བསམ་བློ་གཏོང་དགོས་པ་དེ་རེད། དེ་བས་རྗེ་ས་པཎ་ནས་ཀྱང་།“འགའ་ཞིག་འགོག་པ་སྒྲུབ་པའི་ཚིག།། ལ་ལ་སྒྲུབ་པ་དགག་སྒྲ་ཅན། ། ཁ་ཅིག་དོན་བཞིན་འཇུག་པས་ན། ། ཕལ་ཆེར་གནས་སྐབས་གཙོ་བོ་ཡིན། །”②ཞེས་བསྟན་པ་བཞིན་སྐད་ཆ་འཆད་པའི་དུས་དང་ཉན་པའི་དུས་གང་ཡིན་རུང་བརྡའི་གནས་སྐབས་དེ་ཧ་ཅང་གཙོ་བོ་ཡིན་འདུག

གསུམ་པ། ཤེས་བྱེད་དཔེའི་སྒོ་ནས་གསལ་བར་བྱེད་པ།

གོང་དུ་མ་ལིན་ནོ་སི་ཀི་ཐེ་ལུའོ་པུའུ་ལི་ཨེན་གླིང་ཚོམ་དུ་ཡུལ་དངོས་རྟོག་དཔྱོད་དུ་སོང་བའི་དཔེ་དེ་དང་རིགས་འདྲ་མང་པོ་ཡོད་དེ་གོ་བ་བསྐྱེད་ཕྱིར་དཔེར་མཚོན་འགའ་རེ་བཀོད་ན།

(གཅིག)མདོ་ལས་བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ་རུ། གཅུང་སྟོབས་ཀྱི་གྲོགས་པོའི་བུ་མོ་དེ་བློན་པོ་རི་དྭགས་ཀྱི་བུ་ཐ་ཆུང་དེ་ལ་བག་མར་གཏང་སྐབས“བུ་མོ་དེའི་མས་མི་མང་པོའི་ནང་དུ་བུ་མོ་དེ་ལ་འདི་སྐད་ཅེས། ཁྱེད་ཀྱིས་དེང་ཕྱིན་ཆད་རྟག་ཏུ་གོས་བཟང་བོ་གྱོན་ཞིང་ཁ་ཟས་ཞིམ་པོ་ཟོ་ཞིག ཉིན་གཅིག་བཞིན་དུ་རྒྱུན་མ་ཆད་པར་མེ་ལོང་ལ་ལྟོས་ཤིག་ཅེས་བསྒོས།”③གལ་ཏེ་ལེའུ་འདིར་ཆ་ཚང་བར་མ་བལྟས་པར་ཐིག་ཕྲེང་འདི་ནས་མཚམས་བཞག་ཚེ། ང་ཚོའང་གྱོས་པོ་དེ་བཞིན་ཅུང་མི་རངས་པར་འགྱུར་མོད། ཆ་ཚང་བལྟས་པས་གོ་བ་གཞན་ཞིག་བསྐྱེད་ནུས་པ་དེ་འདྲ་རེད།

(གཉིས)བཀྲ་ཤིས་དཔལ་ལྡན་གྱི་སྒྲུང་ཐུང《རི་མགོ་མཐོན་པོའི་ཉི་མ》ཞེས་པ་ལས“པ་སངས་ཚེ་རིང་ནད་མ་ཐེག་པར་ང་ཕྱི་ཕྱོགས་ལ་འགྲོ་ས་ཡོད་དེ། ངས་ཁྱིམ་ཚང་གི་རྒྱུ་ནོར་ལ་གཏོར་བརླགས་ག་རེ་བྱས་སོང་ངམ།”④ཞེས་པ་བརྩམས་སྒྲུང་ཧྲིལ་བོར་མ་བལྟས་ཚེ་འདིའི་སྐབས་ཀྱི་ནད་དེ་ལུས་ཀྱི་འབྱུང་ལྔའི་ཁམས་མ་སྙོམས་པའི་ནད་ལ་འཁྲུལ་འགྲོ་ཡང་ཚིག་སྔ་གཞུག་གཅིག་ཏུ་སྦྲེལ་བས་ནད་དེ་ནི་ཁོང་ཁྲོ་ཡིན་པ་ཤེས་ངེས།

(གསུམ)ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་འདོད་པའི་བསྟན་བཅོས་ལས།“ངོ་མཚར་རིག་གནས་བླུན་པོ་ཐམས་ཅད་ཀྱིས། ། མ་བསླབ་ངང་གིས་ཤེས་པ་ལྷག་པར་མཚར། །”⑤ཞེས་པའི་ཚིག་རྐང་འདི་ཉིད་དེའི་སྔ་གཞུག་གི་ཚིག་རྐང་གཞན་དག་དང་གོང་བསྒྲིགས་ནས་བལྟས་ཚེ་གཞི་ནས་ངོ་མཚར་རིག་གནས་གང་ཞིག་མ་བསླབ་ངང་གིས་ཤེས་འོང་བའི་དོན་རྟོགས་ཐུབ་ལ། དེ་མིན་ཚིག་རྐང་འདི་གཉིས་རྐྱང་རྐྱང་ལ་བལྟས་པས་ཟུར་ཟའི་ཚིག་ཅིག་ཀྱང་མིན་འགྲོ་སྙམ་འོང་བ་ཞིག་རེད།

བཞི་པ། རྩད་གཅོད་དང་གསལ་བཤད།

དེ་ཡང་མཁས་གྲུབ་རྗེའི་ཞལ་ནས། ཇི་སྲིད་མིག་ལྡན་སྐྱེ་བོས་མ་དཔྱད་པ། ། དེ་སྲིད་དམུས་ལོང་བརྒྱ་ཡིས་རབ་དཔྱད་ཀྱང་། ། གླང་ཆེན་གཟུགས་ལ་ལོག་པའི་ཐ་སྙད་བརྒྱ། ། ཀུན་ནས་འདོགས་པའི་མུ་ཅོར་འཕེལ་བ་ཙམ། ། ཞེས་གདམས་པ་བཞིན་ཁ་སང་དེ་རིང་ཇ་ཡུན་ཙམ་གྱི་རིང་ལ་ཡང་དངོས་པོ་གསར་བ་གྲངས་ཀྱིས་མི་ཟིན་པ་ཐོན་སྐྱེད་བྱས་ཏེ་ཁྲོམ་རར་སྤེལ་བ་དང་མཉམ་དུ་དེ་ལ་རང་གི་ངོ་བོ་འཛིན་པའི་མིང་ཞིག་གདགས་དགོས་ཡོད་སྟབས། གཞན་དག་ལ་ནི་ཁེ་དབང་གཉིས་འཛོམས་ཀྱི་ཆེད་བཙུགས་ལས་ཁུངས་ཡོད་ན། རང་རེར་དེ་འདྲ་མེད་པས་སློབ་གྲྭ་ཆེན་མོའི་དགེ་རྒན་འགས་སོ་སོའི་འདོད་པ་ཞིག་བསྒྱུར། ཡང་དགོན་སྡེ་འགའ་རེ་ནས་ཀྱང་རང་གི་འདོད་པ་ཞིག་བསྒྱུར། མང་ཚོགས་རྣམས་ནི་འགའ་རེས་མཁས་པ་ཆེ་གེ་མོ་དང་དགོན་སྡེ་ག་གེ་མོ་ནས་བསྒྱུར་བ་དེ་བཞིན་འབོད་ཁུལ་བྱེད་ཅིང་། འགའ་རེས་རྒྱ་སྐད་སོགས་སྒྲ་ཟུར་ཆག་མ་ཆག་ཅི་རིགས་ནས་འབོད་པ་སྟེ་ཐམས་ཅད་མིང་གིས་རྨོངས་པའི་ངང་ཚུལ་མཐོང་བས་ཐ་སྙད་གཅིག་གི་དོན་དུ་ལུང་རིགས་ཀྱི་ཡིག་ཚོགས་སྤུངས་པ་འདིའང་དོན་མེད་ཅིག་ཏུ་མ་མཐོང་།ལྷག་པར་རིག་གཞུང་གི་ཐ་སྙད་དག་རྩ་བའི་ཆ་ནས་གཅིག་གྱུར་ཡོང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་འདུག་སྟེ། ལར“意象”གཅིག་པུའང་ཡིད་བརྙན་དང་ཡིད་གཟུགས། ཡིད་ཡུལ། བསམ་ཡུལ། བློ་ཁམས། བསྡུས་བརྗོད་རྒྱན་སོགས་སོ་སོས་འདོད་པ་བཞིན་དུ་བསྒྱུར་ཅིང་འདོད་པ་བཞིན་དུ་བཀོལ་གྱིན་འདུག་པས་ཁེ་དབང་གཉིས་ལས་དབང་ཆ་དེ་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་གི་ནང་དུ་ངེས་པར་དགོས་སྙམ་པའི་བསམ་བློའང་ཡང་ཡང་འཁོར་ཡོང་།དེ་འདྲ་ཡིན་ཡང་བརྡ་གསར་བ་སྦྱོར་བ་ནི་དེ་འདྲའི་ལས་སླ་བོ་རང་མ་ཡིན་ཏེ། རྗེ་ས་པཎ་གྱི་མཁས་འཇུག་ཏུ།“བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་བ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་བ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་བ་མི་སྦྱར་ཏེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །”⑥ཞེས་གསུངས་པ་བཞིན་ད་ཆ་དོན་ཆུང་ངུ་སྟེ་དཔེར་ན་གསར་བའི་ཆེད་དུ་གསར་བ་སྦྱོར་བའང་མེད་པ་མ་ཡིན་མོད། གང་ལྟར་ཡང་གསར་རྙིང་ཅི་རིགས་ཀྱི་ཐ་སྙད་འདི་དག་བསྒྱུར་བར་གཅིག་ཏུ་སྔོན་གྱི་ཡིག་ཚང་བཀླགས་ནས་དེ་དག་ཏུ་བརྡ་དོན་ཡོངས་སུ་མཐུན་པའི་ཐ་སྙད་ཡོད་མེད་རྩད་གཅོད་བྱ་དགོས་ཤིང་། གལ་ཏེ་ཡོད་ན་དེ་བཀོལ་རྒྱུ་དང་མེད་ན་ནི་དོན་འདུས་ཤིང་བརྗོད་བདེ་བའི་བརྡ་གསར་བ་གདགས་རྒྱུ་ནི་སྤྱིའི་ལམ་སྲོལ་ལྟ་བུ་རེད། འདི་ནས་བརྡ་གསར་བ་སྦྱོར་བ་དང་ཐ་སྙད་ལོ་ཙཱ་གཉིས་པོ་ཉ་ཉུང་མཉམ་བསྲེས་ལྟ་བུ་ཞིག་བྱས་ནས་བཤད་པ་སྤྱིར་བཏང་འགལ་བའི་གནས་རེའང་མཆི་སྲིད་ཀྱང་འདིའི་སྐབས་ཏན་ཏན་མཐུན་ཆ་འདུག་པས་སོ་སོ་ནས་གསལ་ཆ་མ་བཏོད་པ་ཡིན།

བོད་ཀྱི་སྔ་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཁག་ནས་སྐད་ཆའི་ཁོར་ཡུག་གམ་བརྡའི་གནས་སྐབས་ལ་དང་དོད་རྩ་ནས་མ་བྱས་པའང་མིན་སྙམ་སྟེ། གོང་དུ་མཁས་འཇུག་ལས་དྲངས་པའི་ཕལ་ཆེར་གནས་སྐབས་གཙོ་བོ་ཡིན་ལུགས་ཀྱི་ཚིགས་བཅད་དེ་དང་། གཞན་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“སྤྱིར་འགྱུར་དེ་བསྒྱུར་བྱ་ལས་མང་ཙམ་མ་བྲིས་ན་མི་གསལ་བ་སྐད་ཐམས་ཅད་ལ་འདྲ།”⑦ཞེས་བརྗོད་པའི་མི་གསལ་བ་ཡང་དོན་དུ་མ་ལིན་ནོ་སི་ཀིས་བཤད་པའི་“文化语境”ལ་འབྲེལ་བ་ངེས་ཅན་ཡོད་པ་ཤེས་ནུས་ལ། དེ་མིན་ཉེ་རབས་ཀྱི་བརྡ་སྤྲོད་སྨྲ་བ་བསྟན་པ་རྒྱ་མཚོའི《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས》ལས“ཚིག་སྦྱོར་ཀུན་ལ་རྣམ་དབྱེ་དང་བྱ་ཚིག་སོགས་གང་སྦྱར་ལ་ཆ་མཉམ་མ་ཡིན་པར་གཙོ་ཕལ་དང་ཤུགས་ཆེ་ཆུང་ཡོད་ལ། ཚིག་སྦྱོར་གཅིག་གི་སྔ་ཕྱིའི་ནུས་པ་མི་འདྲ་བས་གོང་འོག་འདྲེན་པ་དང་སྡུད་པ། ཡང་ན་རང་ཚིག་འགལ་བ་དང་འབྲེལ་བ་ཅི་རིགས་འབྱུང་ཞིང་།

ཚིག་གི་དངོས་བསྟན་དང་ཤུགས་བསྟན་ཀྱང་འབྱུང་གི་ཡོད་པ་དེ་དག་ངེས་པར་ཤེས་དགོས་སོ། །”⑧ཞེས་དང་།གཞན་ཁོང་གིས“སྐབས་ཐོབ་ཀྱིས་ཤེས”ཟེར་དུས་ཀྱི་སྐབས་ཐོབ་བྱ་བའང་དོན་དུ་སྐད་ཆའི་ཁོར་ཡུག་ངེས་ཅན་ཞིག་ལ་གོ་བཞིན་ཡོད་སྙམ། འདི་དག་དང་ཆ་འདྲ་བར་བསྟན་བཅོས་གཞན་དུའང་དེ་དང་ཕྱོགས་མཐུན་རེ་བསྟན་ཡོད་ཀྱང་སྲིད་མོད། འོན་ཀྱང་ཕྱོགས་མཐུན་ཙམ་གྱིས་མི་འཐུས་ཏེ་ངེས་པར་འབྱེད་དགོས་པའི་ཁྱད་པར་ནི་འདི་དག་གིས་དེ་ལ་མིང་དུ་མ་བཏགས་པར་ཚིག་གི་ཕྲེང་བ་སྤེལ་བ་ལ་བརྟེན་ནས་སྐད་ཆའི་ཁོར་ཡུག་དེ་ཉིད་མཚོན་ཐབས་བྱས་པས་དེ་འབྲེལ་གྱི་གཞུང་ལུགས་ཀྱང་མ་བྱུང་བ་འདྲ། འོ་ན་མཁས་འཇུག་ནས་བྱུང་བའི་གནས་སྐབས་ཟེར་བ་མིང་མ་རེད་དམ་ཞེ་ན། དེའི་སྐོར་འོག་ཏུ་འཆད་པར་བྱའོ། །

ལྔ་པ། གདམ་གསེས་དང་རྒྱུ་མཚན།

ད་ཆ་རྒྱ་བོད་ལོ་ཙཱ་དང་བརྡ་གསར་རྙིང་གི་རྣམ་དབྱེ་ལ་ནི་ལོ་པཎ་གཉིས་པོ་མི་དགོས་ཤིང་། བཀས་ཀྱིས་བཅད་པ་དེ་བས་ཀྱང་མི་དགོས་པར“པཎ་ཆུང”གཅིག་གིས་འཐུས་པ་ཡོད་ཀྱང་། འདིར་ཁོ་བོས“语境”དེ་ཡང་བསྐྱར་ཐ་སྙད་གསར་བ་ཞིག་ཏུ་བསྒྱུར་བའི་ངལ་བ་བསྟེན་པའི་དགོས་པ་མེད། རྒྱུ་མཚན་དེ་སྔ་འདི་ཉིད་སྐད་ཁམས་ཞེས་པར་བསྒྱུར་ནས་བེད་སྤྱོད་བཞིན་འདུག་ལ། ཕལ་ཆེར་གཅིག་གྱུར་ཆགས་རྒྱུའི་བཟོ་འདྲ་བོ་ཐོན་འདུག་མོད། འོན་ཀྱང་ཉེ་ཆར་འགའ་རེས་གོང་གི་རྗེ་ས་པཎ་གྱི་ཚིགས་བཅད་དེ་དྲངས་འོང་ནས“语境”བྱ་བ་ཅིས་ཀྱང་གནས་སྐབས་ཞེས་བསྒྱུར་དགོས་ལུགས་བརྗོད་པས་དཔྱད་རྩོམ་འདི་འབྲི་བའི་དགོས་པ་རྙེད་པ་ཡིན།

སྤྱིར་བཏང་རྗེ་ས་པཎ་གྱི་ཚིགས་བཅད(འགའ་ཞིག་འགོག་པ་སྒྲུབ་པའི་ཚིག།། ལ་ལ་སྒྲུབ་པ་དགག་སྒྲ་ཅན། ། ཁ་ཅིག་དོན་བཞིན་འཇུག་པས་ན། ། ཕལ་ཆེར་གནས་སྐབས་གཙོ་བོ་ཡིན། །)འདིའི་ནང་གི“གནས་སྐབས”བྱ་བར“语境”དང་འབྲེལ་བའི་བརྡ་དོན་ཞིག་ཡོད་པ་ནི་བསྙོན་དུ་མེད་མོད། འོན་ཀྱང་ཞིབ་ཏུ་བསམས་ན་གལ་ཏེ་ཚིགས་བཅད་ཧྲིལ་བོའི་ཁོར་ཡུག་མེད་ཚེ“གནས་སྐབས”ཞེས་པའི་མིང་རང་སྟེང་ནས
“སྐད་ཆའི་ཁོར་ཡུག”བྱ་བའི་དོན་སྟོན་ཐུབ་བམ། དྲང་མོར་བཤད་ན་ཕལ་ཆེར་དཀའ་ཚོད་འདུག དེ་མིན་གནས་སྐབས་ནི་ཡུལ་དུས་གཉིས་ལས་དུས་ལ་གཞོལ་ཆེ་ཞིང་མཚམས་རེར་དུས་ཡུན་ཐུང་ངུ་ཙམ་ཁོ་ནར་འཇུག་པ་དཔེར་ན། དགེ་འདུན་ཆོས་འཕེལ་གནས་སྐབས་རིང་ཚོང་བ་དཀོན་མཆོག་ནོར་བུའི་སར་བཞུགས་ལྟ་བུ། འོན་ཀྱང“语境”ནི་དུས་ཙམ་མིན་པར་ཆུང་ས་ནས་སྐད་ཆ་ཚིག་གཅིག་གི་ཚིག་རྐང་སྔ་གཞུག་ཙམ་དང་ཆེ་བར་ཡུལ་དང་བཅས་པའི་མི་སྒེར་གྱི་བསམ་པའི་འཁྱེར་སོ་ནས་མི་རིགས་སོ་སོ་བའི་རིག་གནས་དང་ལོ་རྒྱུས་ཀྱི་དུས་སྐབས་བྱེ་བྲག་པ་སོགས་མཚོན་པས་ན།“གནས་སྐབས”ཁོ་ནས་དེ་འདྲ་མི་འཐུས་པ་གསལ་བོ་རེད། ཡང་ཁ་ཅིག་གིས“བརྡའི་གནས་སྐབས”ཞེས་བསྒྱུར་དགོས་ཟེར་ཡང་། བརྡ་དང་གནས་སྐབས་གཉིས་པོའི་བར་དུ་དྲུག་སྒྲ་སྦྱར་ཕྱིན་དེ་ཚིག་ལས་མིང་དུ་མི་འདོད་དེ། ལྷག་པར་བརྡའི་གནས་སྐབས་ཞེས་པའི་སྐབས་སུ་བརྡའམ་སྐད་ཆའི་ཆ་དེ་གསལ་ཆེ་བས་ལོ་རྒྱུས་དང་རིག་གནས་ཀྱི་ཆ་སྣང་མེད་ལ་བཏང་བའི་ཟོལ་འདུག་པ་དཔེར་ན། རྒྱའི་སྐད་དུ“历史语境”དང་“主流语境”སོགས་མི་འདོད་བཞིན་དུ་ལོ་རྒྱུས་ཀྱི་བརྡའི་གནས་སྐབས། གཙོ་རྒྱུན་བརྡའི་གནས་སྐབས་ཞེས་བརྗོད་མི་བདེ་བའི་ཚིག་ཕྲེང་སྤེལ་དགོས་པ་མ་ཟད་དོན་ཡང་ཡང་དག་ཅིག་སྟོན་ཐུབ་མེད་པ་ལྟ་བུ་རེད། དེའི་ཕྱིར་སྐད་ཁམས་ཞེས་དོན་སྒྱུར་ལྟ་བུ་ཞིག་བྱས་ཚེ་དོན་ལེགས་པར་སྟོན་ཐུབ་པ་མ་ཟད་ལོ་རྒྱུས་སྐད་ཁམས་དང་གཙོ་རྒྱུགས་སྐད་ཁམས་ཞེས་དེ་འབྲེལ་གྱི་ཐ་སྙད་གཞན་དག་ལའང་ལས་སླ་བོ་དང་བརྗོད་བདེ་བོའི་སྒོ་ནས་མཐུན་སྦྱོར་བྱེད་ཐུབ་པ་འདི་རེད།

དྲུག་པ། བསམ་ཚུལ་དང་མཇུག་བསྡུ།

ད་ཆ་བོད་སྐད་བཤད་པ་དང་བོད་ཡིག་གིས་ཚིག་སྦྱོར་སྤེལ་བར་མི་རིགས་གཞན་གྱི་སྐད་དང་ཡི་གེའི་ཤུགས་རྐྱེན་ཐེབས་ཚད་ཧ་ཅང་ཆེ་བས་རྒན་པ་རྣམས་ཀྱིས་དེ་ལ་གོ་བསྐོན་གསེད་འགྲོལ་བྱས་ཏེ། དེ་སྒང་པ་བོད་ཀྱི་སྐད་ཆ་ཤོད་སྟངས་མ་རེད་འདི་ལྟར་བཤད་དགོས་པ་རེད་ཅེས་ལྷག་བསམ་གྱིས་གདམས་པར་ཕྱི་རབས་པ་རྣམས་ཀྱིས་ངེས་པར་ཀུན་སློང་རྣམ་དག་གིས་མཉན་ཞིང་དང་དུ་ལེན་དགོས་ཡོད། འོན་ཀྱང་སྐད་ཆ་ནི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡོད་ཅིང་། སྤྱི་ཚོགས་དེ་ཉིད་འགྱུར་ལྡོག་གི་ཁྲོད་དུ་ཡོད་པས་སྐད་ཆ་དེའང་ཤེས་མི་ཤེས་དང་ཚོར་མི་ཚོར་ཞིག་གི་བར་ནས་འགྱུར་འགྲོ་བ་ནི་ཆོས་ཉིད་ལྟ་བུར་གྲུབ། དཔེ་ཙམ་བཞག་ན། བོད་སྐད་ཀྱི་མིང་གི་གྲུབ་ཚུལ་ལས་ཁྱད་གཞི་སྔོན་དུ་འཇོག་པ་དང་ཁྱད་ཆོས་གཞུག་ཏུ་སྦྱོར་དགོས་ལ། གལ་སྲིད་དེ་གཉིས་གོ་བརྗེ་དགོས་ཚེ་བར་དུ་ངེས་པར་དྲུག་སྒྲ་སྦྱོར་དགོས་པའི་ངེས་སྲོལ་འདི་ལ་ཧ་ལམ་ནོར་བ་ཅང་མ་མཆིས་མོད། ད་ལྟ་ཕྲན་དཔྱད་དང་ནག་པང་སོགས་ཀྱིས་མཚོན་པའི་ཐ་སྙད་དག་ཧ་ལམ་བྱིངས་ཀྱིས་དང་ལེན་བྱས་འདུག་པ་འདི་རེད། དེ་བས་སྐད་ཆ་ནི་འགྱུར་མེད་སྲ་འཐས་ཀྱི་སྤྱི་འགྲོས་ལྟ་བུ་ཞིག་གི་ནང་དུ་འཇོག་ཐབས་མེད་པ་འདྲ་སྟེ། ངེས་པར་ཨུ་ཚུགས་ཚ་བོས“སྲོལ་རྒྱུན”རྒྱུད་འཛིན་བྱེད་དགོས་ཟེར་ན། རང་རེའི་སྐད་དང་ཡི་གེ་འདི་ཡང་རྐྱོང་སྐུམ་བྲལ་བའི་ཀོ་གྱོང་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཆེ་བས་དེ་གཉིས་ཀྱི་མཐའ་ལ་མ་ལྷུང་བ་ཞིག་ཅིས་ཀྱང་གལ།

གོང་དུ་ལོ་ཙཱའི་གནས་སྐབས་སུ་སྔོན་གྱི་ཡིག་ཚང་བཀླགས་ནས་ཐ་སྙད་རྩད་གཅོད་དགོས་དོན་སྐོར་ནས་ཡང་བསྐྱར་ཞུ་འདོད་པ་ནི། གལ་ཏེ་ཐ་སྙད་དེ་ཉིད་ཡིག་ཚང་སོགས་སུ་ཡོད་ན་དེ་ལ་མི་དགའ་ཅི་ཞིག་ཡོད་དེ་ང་ཅག་རྣམས་ཀྱིས་ཡིད་དགའ་བས་དང་དུ་ལེན་རིགས་ཀྱང་། མེད་པས་ཨུ་ཚུགས་ཀྱིས་མཐའ་སྐྱེལ་འདོད་ན་ནི་རྙིང་བའི་སྙིང་མ་ཐོན་ཞིང་གསར་བའི་ཉམས་མ་དོད་པར་རི་བོང་དང་སྡོམ་པ་མཉམ་དུ་ཤོར་དོགས་ཆེ་བས་དོན་འདིར་རྒན་དར་ཀུན་ནས་ཐུགས་གཞིག་ནན་ཏན་གཏོང་རྒྱུ་གལ་ལོ། །


དཔྱད་གཞིའི་ཡིག་ཆ།

[1] ས་པཎ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༧པ། དཔར་ཐེངས་དང་པོ།

[2] བསྟན་པ་རྒྱ་མཚོ། སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས༡༩༨༡ལོའི་ཟླ༢པ། དཔར་ཐེངས་གསུམ་པ།

[3] འགོས་ཆོས་གྲུབ་ཀྱིས་བསྒྱུར། མཛངས་བླུན་ཞེས་བྱ་བའི་མདོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ༡༢པ། དཔར་ཐེངས་གཉིས་པ།

[4] དགེ་འདུན་ཆོས་འཕེལ། འདོད་པའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ། ། [M] རྒྱ་གར་པར་མ། ༡༩༦༩ལོའི་ཟླ༡༢པ།

[5] མེ་ལྕེ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས།

དགེ་ཆོས་ཞིབ་འཇུག དེབ་གཉིས་པ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༤པ། ་དཔར་ཐེངས་དང་པོ།

[6] སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས། འདྲེ་རྐང་ཏོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༡༢པ། དཔར་ཐེངས་དང་པོ།

[7] [英] 马林诺夫斯基 著,费孝通等 译 文化论[M] 中国民间文艺出版社 1987年4月第二次印刷

[8] 魏晏龙 田建国 对于马林诺夫斯基语境观的再分析[J]西安建筑科技大学学报(社会科学版)2012年第2期


① [英] 马林诺夫斯基 著,费孝通等 译 文化论 [M]中国民间文艺出版社 1987:6


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1