རྦ་དག་གྲོང་པ། མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་གྲོང་གསར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-15



        ནམ་རྒྱུན་དར་མདོ་ནས་བྲག་འགོའི་ཕྱོགས་སུ་སྐྱོད་སྐབས། ཕྱིའི་ཁོར་ཡུག་གིས་མི་མང་པོའི་ཡིད་སེམས་དབང་མེད་དུ་འཕྲོག་བཞིན་ཡོད་པ་མ་ཟད། གཞུང་ལམ་གཡས་གཡོན་གྱི་ཚར་དུ་དངར་ཞིང་བཟོ་བཀོད་ལེགས་པའི་བོད་ཁང་དག་གིས་ཀྱང་ཡུལ་སྐོར་བ་མང་པོ་མགྲོན་དུ་བསུ་བཞིན་ཡོད་ཅིང་། ཡུལ་སྐོར་བ་ཚོས་ཕྱིའི་ཁོར་ཡུག་གི་མཛེས་སྡུག་ལོངས་སུ་སྤྱོད་པ་ཙམ་མིན་པར་བོད་ཁང་དུ་ཞག་སྡོད་བྱས་ནས། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་རོལ་མྱོང་བྱེད་འདོད་བཞིན་ཡོད་པ་སྨོས་མ་དགོས།

        སྤྱི་ཟླ་6པའི་ཚེས་7ཉིན་གྱི་སྔ་དྲོར། ངེད་བཅར་འདྲི་ཚོ་ཆུང་བྲག་འགོ་རྫོང་རྦ་དག་གྲོང་པ་རུ་འབྱོར་ཞིང་། གྲོང་པ་དེའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་འགོ་བརྩམས། བྲག་འགོ་རྫོང་མཁར་ནས་རྦ་དག་གྲོང་པའི་བར་ལམ་ཐག་སྤྱི་ལེ་12ཙམ་ལས་མེད་པ་དང་། མང་ཚོགས་ཀྱིས་ཞིང་ལས་གཙོ་བོ་དང་འབྲོག་ལས་ཕལ་པར་འཛིན་ནས་འཚོ་ཚིས་སྒྲུབ་བཞིན་ཡོད། གྲོང་པའི་ཆགས་ཡུལ་ནི་དུས་ཚིགས་བཞིའི་དབྱེ་མཚམས་མངོན་གསལ་དོད་ཅིང་ཁོར་ཡུག་ཤིན་ཏུ་མཛེས་པ་དང་དམངས་སྲོལ་རིག་གནས་ཀྱི་རྫོང་མཐུག་པ་མ་ཟད། འགྲིམ་འགྲུལ་སོགས་ཤིན་ཏུ་སྟབས་བདེ་བས་ཕྱོགས་སོ་སོའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ནས་ཡུལ་སྐོར་ལྗོངས་རྒྱུ་རུ་ཡོང་བཞིན་ཡོད་ལ། གྲོང་མི་ཚོས་ཀྱང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་རྣམས་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་སྤྲོ་སྐྱིད་གླིང་ག་རུ་བསྒྱུར་བས། ཡོང་སྒོ་ལྡབ་ལོག་ཏུ་འཕར་ནས་ཕྱུག་འགྱུར་གྱི་ལམ་དུ་གོམ་སྟབས་མྱུར་མོས་སྐྱོད་བཞིན་འདུག །

        རྒྱུས་ལོན་བྱུང་བ་ལྟར་ན། བྲག་འགོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་བསྟུན་ཏེ། རྦ་དག་གྲོང་པའི་མང་ཚོགས་ཚོས་ཚོགས་འདུ་འཚོགས་ནས་“རྦ་དག་ཡུལ་སྐོར་གྲོང་པ་གསར་པའི་དམངས་སྡོད་སྣེ་ལེན་”ཐོན་ལས་གཙོ་བོ་ཡིན་པའི་དམངས་སྡོད་སྣེ་ལེན་དེ་གྲོང་པའི་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་རུ་བྱ་རྒྱུའི་ཐད་བློ་བབ་ནས་ཐག་བཅད་པ་དང་། དེས་རྦ་དག་གྲོང་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1