མའོ་ཁི་ཨར་གྱིས་ཡོ་རོབ་གླིང་གི་ལུས་རྩལ་འགྲན་ཚོགས་སྟེང་ལྟད་མོ་བ་མང་བོ་འདུས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-23


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་གཉིས་ཉིན་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་པྲོག་གསར་གློ་ཚད་རིམས་ཀྱི་གཤིས་འགྱུར་ནད་དུག་འགོ་བའི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཡོ་རོབ་གླིང་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ཁུར་བའི་ཆོད་དོན་སྤེལ་དགོས་པའི་སྐུལ་མ་བཏང་བར་མ་ཟད། ལྟད་མོ་བ་མང་བོ་ལུས་རྩལ་ར་བར་འདུས་པར་བྱེད་པ་ནི་ཐབས་མཆོག་ཅིག་མིན་པའི་ཚུལ་བསྟན། 
        མའོ་ཁི་ཨར་གྱིས་པའོ་ལིན་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་གྲོས་མོལ་བྱས་རྗེས་གོང་གི་སྐད་ཆ་དེ་བཤད་པ་རེད། ཡོ་རོབ་གླིང་གི་ལུས་རྩལ་འགྲན་ཚོགས་ཀྱི་ཚན་ཆུང་འགྲན་བསྡུར་མིག་སྔར་ཡོ་རོབ་གླིང་གི་ས་ཁུལ་མང་བོ་ཞིག་ཏུ་དུས་མཉམ་དུ་སྤེལ་བཞིན་ཡོད་ཅིང་། འགྲན་སྡུར་བྱེད་ས་ཚང་མ་ནས་བསྡུར་ཚད་ངེས་ཅན་གྱི་ལྟད་མོ་བ་ཡོང་ཆོག་པར་བྱས་ཡོད་པ་དང་། པུའུ་ཏཱ་ཕའེ་སིའི་འགྲན་སྡུར་བྱེད་ས་ནས་ལྟད་མོ་བ་ཁྲི་དྲུག་དང་སྟོང་གཅིག་ལ་ཆོག་མཆན་བཀོད་ཡོད་ཟེར། 
        དབྱིན་ཇིའི་སྲིད་གཞུང་དང་ཡོ་རོབ་གླིང་རྐང་རྩེད་སྤོ་ལོའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་གྲོས་མཐུན་བཀོད་དེ། ལོན་ཏོན་གྱི་ཝུན་པུའུ་ལེ་ལུས་རྩལ་ར་བའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་སྟེང་ལྟད་མོ་བ་ཁྲི་དྲུག་ཡན་ཡོང་དུ་འཇུག་པར་ཆོག་མཆན་བཀོད་ཡོད་ཀྱང་། མིག་སྔར་གཞི་རྒྱ་དེ་མི་ཁྲི་བཞིར་ཚོད་འཛིན་བྱས་ཡོད་ཟེར། 
        མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་གཤིས་འགྱུར་ནད་དུག་དེ་དབྱིན་ཇི་ནས་འགོ་ཚད་མྱུར་བས། དབྱིན་ཇི་ནས་རང་གི་མངའ་ཁོངས་སུ་ཡོང་བའི་འགྲུལ་བ་ཚང་མས་ཉིན་བཅུ་བཞིའི་ལོགས་བཀར་དང་ལེན་བྱེད་དགོས་ཟེར། ཁོ་མོས་དབྱིན་ཇིའི་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རིམས་ནད་ཚོད་འཛིན་བྱས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རིམས་ནད་སྐབས་སུ་རྒྱལ་ཁོངས་བརྒལ་བའི་གནས་སྐོར་ཐད་ནས་གཅིག་གྱུར་འགུལ་སྐྱོད་ཀྱི་ཚད་གཞི་འགོད་མ་ཐུབ་པར་ཡིད་འཕང་བའི་ཚུལ་བསྟན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1